འདྲི་གཅོད།

སྡོད་ཤག་ནང་གི་ཡུ་གུར་གྲོགས་མོ་སྔར་ནས་གཉིད་ཟིན།

ཕྱི་རོལ་ན་གྲོང་ཁྱེར་ཁྲིན་ཏུའུ་ལ་ཆར་སྨག་འཐིབས་འདུག

ནམ་གུང་གི་ཆུ་ཚོད་གསུམ་དང་ཕྱེད་ཀར་སླེབས་འདུག

ངས་མཚན་མོའི་ཤ་གསེང་ལ་མེ་ལོང་ཞིག་བཙུགས་ཏེ།

མེ་ལོང་དེའི་མདུན་ལ་རང་ཉིད་ཧྲིལ་བོ་བཤམས་ཏེ།

ནམ་གུང་གི་ལྷིང་འཇགས་ལ་རལ་གྲི་ཞིག་གཡར་ཏེ།

རང་ཉིད་ཀྱི་བྲང་ཁོང་ནས་ཞིབ་མོར་གཤགས་ཏེ།

ཆར་སྨག་མཐུག་པོ་འདིའི་ལྟེབ་དཀྱིལ་ལ།

རང་གི་དོན་ལྔ་སྣོད་དྲུག་རེ་རེ་བཞིན་བཞག་རྗེས།

སྙིང་སོགས་ནང་ཁྲོལ་རེ་རེ་ལ་འདི་ལྟར་འདྲི་གཅོད་བྱས།

ཐོག་མར་འདུལ་དཀའ་བའི་སྡིག་རྒན་སེམས་ལ།

གསོག་རྫུབ་དང་གཡོ་སྒྱུ་ལ་རྔན་པ་ག་ཚོད་བརྫངས་ནས།

སྒེར་སེམས་ཀྱི་མཁར་རྫོང་ཇི་ལྟར་བཞེངས་བར་ཚ་འདྲི་བྱས།

དེ་ནས། སེམས་ཀྱི་ལག་རོགས་ཉེས་ཅན་གློ་བ་དང་རྒྱུ་མ།

གསེར་དངུལ་སོགས་རྒྱུ་ནོར་དང་ཁེ་དབང་གི་ཆེད་དུ།

གྲོགས་ལ་གློ་བ་རིང་ཞིང་གཉེན་ལ་མགོ་སྐོར་ཇི་ལྟར་བཏང་།

མཐོ་སར་ངོ་དགའ་དང་དམའ་སར་བརྙས་བཅོས་ག་ཚོད་བྱས་པ་དྲིས།

[ཕྲན་དཔྱད།]བོད་ཀྱི་ད་ཡོད་ཀྱི་སྙན་ངག་ཕལ་མོ་ཆེ་ནི་གོ་ཤེས་དཀའ་བའི་ཕྱོགས་ལ་གཞོལ་བ་ཤས་ཆེ་ལ། དོན་བརྗོད་རྩོམ་རིག་གི་གོ་དོན་ལྟར་ཆ་འཕྲིན་སྐྱེལ་མཁན(信息发送者)་གྱིས་བརྗོད་འགྱུར་གྱི་ཆ་འཕྲིན་གང་དེ་ཆ་འཕྲིན་དང་ལེན་པའི་(信息接受者)སར་བདེ་བླག་གིས་སྐྱེལ་ཐུབ་ཀྱི་མེད་པ་དང་།ཐ་ན་ལམ་སྐབས་གང་དེ་ཀློག་པ་པོས་ལམ་ལོག་ཏུ་འཛིན་པའི་སྣང་ཚུལ་ཡང་འབྱུང་དུ་སྲིད་དོ།།ཅི་ལ་ཞེས་ན།རང་རེའི་རྩོམ་རིག་མྱོང་རོལ་ནི་སོ་ན་གནས་པའམ་ཚད་དམའ་རུ་ལུས་པས་སོ།།ལན་རེར་གོ་ཤེས་དཀའ་བའི་སྙན་རྩོམ་དག་གི་བར་སོ་ནས།ཀློག་བདེ་ལ་གཏིང་རིམ་ཞིབ་མོར་མཆིས་པ།གཏིང་རིམ་ཞིབ་པ་དེ་ཚིག་ངོས་ཙམ་ཞིག་མ་ཡིན་པར།ཚིག་གི་ཕྱུངས་བ་ནས་དོན་གྱི་རུམ་སློག་ཐུབ་པ།དོན་གྱི་རྩག་སློག་ཕྱི་ནང་བརྗེ་བ་ལས་ཡར་ཐོན་ཏེ།དོན་གྱི་གོ་བ་དུ་མ་ལ་འཇུག་ཐུབ་པའི་སྙན་རྩོམ་རེ་ཀློག་ཐུབ་པ་ནི།ངལ་མལ་གྱི་རྒྱགས་ཕྱེ་སྲིད་དུ་མེད་པ་ཞིག་གོ།འདིར་མཆིས་པའི་སྙན་རྩོམ་འདི་ནི་དེ་ལྟ་བུའི་དབུགས་ཀྱི་རྒྱུ་བར་ངལ་གསོ་སྩོལ་ཐུབ་པའི་སྙན་རྩོམ་ཞིག་ཏུ་འདོད།

    གཞན་ད་དུང་དེ་ལས་ཀྱང་གལ་ཆེ་བ་ནི།མི་རིགས་ལོ་རྒྱུས་ཀྱི་ཁག་ཁུར་གྱི་སྟེང་ནས་ཀྱང་སྙན་རྩོམ་འདི་ལ་གོ་བ་གཞན་ཞིག་གདའ་བར་མ་ཟད།དེ་ལ་བརྗོད་པ་གཞན་དག་ལས་ཀྱང་གལ་བོ་ཆེ་རུ་བཟུང་ན་ཆེས་ལེགས་པར་མཐོང་ངོ་།།

  སྙན་རྩོམ་འདིའི་སྒྲིག་གཞི་ནི་ཚན་པ་བརྒྱད་དུ་ཕྱེས་ཡོད་ཀྱང་།སྙན་རྩོམ་འདི་ནི”ཚན་པའི་བསླུ་བྲིད་ཀྱི་རྗེས་སུ་འགྲོ་ལྡོག་མི་ཐུབ་པའི”སྙན་རྩོམ་ཞིག་ཏེ།རྒྱུ་མཚན་སྙན་རྩོམ་འདིའི་རྩོམ་སྙིང་ནི་ཚན་པ་སོ་སོ་ན་གནས་བ་ཞིག་མ་ཡིན་པར་ཚན་པ་ཆེས་ཕྱི་མ་གཉིས་ཀྱི་སྟེང་ན་གནས་པ་དང་།ཚན་པ་གཞན་དག་ནི་དེའི་ར་སྤྲོད་བྱེད་དམ་ཡང་ན་མེད་ན་མི་བླ་བའི་ཚུལ་གྱིས་གནས་པ་ནི།”ཚན་པའི་བསླུ་བྲིད་ཀྱི་རྗེས་སུ་འགྲོ་ལྡོག་མི་ཐུབ་པའི་”གཏན་ཚིགས་སུ་གྱུར་ཡོད།”མིག་ཆུས་རྒྱབ་གོས་བརླན་པའི་བྱིས་པ་ཁྱུ་ཞིག”་ནི་བདག་གི་”ཡུ་གུར་གྲོགས་མོ”ལྟར་གཉིད་ཀྱི་བདེ་བར་སིམ་མེད་པར། མིག་ཆུས་སྙན་རྩོམ་འདིའི་དོན་བྱེད་ལ་གོ་བ་བླ་ལྷག་རེ་ལོན་ཐུབ་པར་འདོད་ལ།རྩོམ་རིག་གི་ངོ་བོ་དངོས་ཏེ།ཇི་ཞིག་སྟོན་པ་དེའི་ངོས་རྐྱང་བ་ནས་ལྷག་ལུས་མི་བགྱིད་པར།ཅི་ལྟར་མཚོན་པ་དེ་ལ་ཡང་གཏིང་ཟབ་པའི་གོ་ཤེས་རྙེད་ཐུབ་བོ།།

གོང་དུ་སོང་བ་བཞིན་སྙན་རྩོམ་འདི་”ཚིག་གི་བསླུ་བྲིད་ཀྱི་རྗེས་སུ་འགྲོ་ལྡོག”མི་བགྱིད་པའི་གཏན་ཚིགས་དེས་སྙན་རྩོམ་འདིའི་ཕྱི་ནང་རིམ་ཚང་མ་ལྗན་ལྗིན་དང་བག་ལྷོད་ཀྱི་ཚུལ་དུ་བཀྲམ་ཡོད།དེ་ཡང་ཧེར་ཊི་ཀེར་ནས་”སྙན་ངག་ནི་གནས་པ་དང་སྐྱེ་དངོས་ཀུན་གྱི་གསར་མིང་ཞིག་ཡིན་པ་ལས།གང་མོལ་དུ་བྱུང་བའི་ལས་བརྡོལ་ཞིག་མ་ཡིན་ནོ”①ཞེས་པ་ལྟར།སྙན་ངག་འདི་ལ་ཡང་སྐད་ཆའི་(语言)ངོས་ནས་བལྟས་པ་ཙམ་མིན་པར་སྨྲ་བརྗོད་(言语)ཀྱི་ཚད་ཤིང་ལས་གཞལ་བར་འོས།བར་གྱི་ཤ་གསེང་ལ་མེ་ལོང་བཙུགས་ནས་རང་གི་ཕྱི་ནང་གསང་གསུམ་དམར་རྗེན་དུ་བཤམ་ནས་དེ་དག་ལ་འདྲི་གཅོད་དང་ཚ་འདྲི་བྱས་པའི་བར་སྐབས་དེ་དག་ནི་སྙན་ངག་འདིའི་རམ་འདེགས་དང་།དོན་སྒོ་ཧྲིལ་གྱིས་བབས་ཡོད་པའི་ཚན་པ་ཕྱི་མ་གཉིས་དང་དེ་ཉིད་གླེང་འགལ་བྱས་ཡོད་པའི་ཚན་པ་ཆེས་སྔོན་མ་གཉིས་ནི་མེད་ན་མི་གྲུབ་པའི་འབྲེལ་ཡོད་པ་དེས།སྐད་ཆའི་རྣམ་པ་ལས་འགོངས་ཏེ་སྨྲ་བརྗོད་ཀྱི་ཚད་དུ་སླེབས་ཡོད་པའི་མཚོན་རིས་ཤིག་གོ།

 དེ་བས།བོད་མོ་རྩོམ་འབྲི་བ་དཔལ་མོ་ལགས་ཀྱི་སྙན་རྩོམ་འདི་ནི་གཞན་དག་ལས་རྩེར་སོན་པའི་སྙན་རྩོམ་ཞིག་དང་།བུད་མེད་རྩོམ་འབྲི་བ་དག་གི་རྩོམ་འབྲི་ལ་ལྟོས་ནས་བཤད་ན།ཚབ་མཚོན་དང་མིག་དཔེ་ཡར་ལྟོས་ཀྱི་རྣམ་པར་འགྲོ་བར་འདོད་ལ།འདི་ནི་དཔལ་མོ་ལགས་ཀྱི་སྙན་རྩོམ་གཞན་དག་དང་གཏན་ནས་མི་འདྲ་བར་འདི་ལ་ཚོར་ཤེས་ཀྱི་དམ་འཇུ་ཉུང་ལ།དཔག་མནོ་འཇུག་གསུམ་གྱི་བགྱི་བ་ཆེས་ཆེ་བར་བདོ་བའི་སྙན་རྩོམ་ཞིག་ཏུ་འདོད།

༢༠༡༦ལོའི་ཟླ་དགུ་བར།

དཔལ་མོས་བརྩམས།

①[德]海德格尔《荷尔德林与诗的本质》,孙周兴译,《荷尔德林诗的阐释》,商务印书馆,2000年12月第1版,P47

                  ཐང་པོ

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།