བསྟོད་ཚིག་མྱ་ངན་མེད་པའི་འཁྲི་ཤིང་།

རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་འོད་དམར་རྡུལ།།
ལི་ཁྲིའི་ཐིག་ལེར་འཕོས་པ་འཇམ་པའི་ལྷའི།།
མཁྱེན་རབ་ཟླ་བ་སྙིང་ལ་ཤར་བ་དེས།།
ཉེས་བརྒྱའི་མུན་པ་འཇིལ་བའི་དངོས་གྲུབ་སྩོལ།།

སོར་མོའི་ལྕུག་ཕྲན་འདར་བའི་འདུ་བྱེད་ཀྱིས།།
མོས་ལྡན་ཀུན་བཟང་ཞིང་གི་རྒྱལ་སྲས་ལ།།
དམ་ཚིག་བསུང་ཞིམ་འཐུལ་བའི་གུར་ཀུམ་རྡུལ།།
དཀྲིགས་པར་མོས་ལ་མགོན་ཁྱོད་ལན་གཅིག་དགོངས།།

མཁྱེན་གཉིས་སྤྱན་རས་དག་པའི་ལྷ་ལམ་དུ།།
སྣ་ཚོགས་ཤེས་བྱའི་རྒྱུ་སྐར་འབུམ་བཀྲ་བས།།
སྨྲ་འདབ་སྟོང་དུ་བརྐྱངས་བའི་ཚངས་པས་ཀྱང་།།
ཁྱོད་ཀྱི་ཡོན་ཏན་བརྗོད་ལ་ངལ་བ་འཛིན།།

འོན་ཏང་དད་གསུམ་སྙིང་གི་བུང་བ་འདི།།
ཁྱོད་ཀྱི་ཡོན་ཏན་ཆུ་སྐྱེས་འདབ་ཡངས་པོར།།
རྗེས་ཆགས་སེམས་ཀྱི་མཛའ་བ་མི་གཏོང་བར།།
ཡང་ཡང་ཕྱོགས་པའི་ཚུལ་ལ་རབ་ཏུ་མོས།།

དེའི་ཚེ་སྙན་ཚིག་ཡལ་འདབ་རབ་རྒྱས་པའི།།
ངག་རིག་མྱ་ངན་མེད་པའི་མེ་ཏོག་གི།
སྒང་བུ་སར་བ་སར་བུར་རབ་རྒོད་པས།།
མངར་བའི་དྲི་བསུང་ཕྱོགས་སུ་འདི་ལྟར་ཁྱབ།།

བློ་གྲོས་སྤོས་ཀྱི་གླང་བོ་དར་མ་ཡིས།།
གསུང་རབ་ལི་ཤིའི་ལྕུག་ཕྲན་ཟོས་པ་ན།།
ལྔ་རིག་མཚར་སྡུག་ལང་ཚོའི་བསུང་ངད་ཀྱིས།།
གཙུག་ལག་མ་ལ་ཡ་ཡི་ནགས་ཀླུང་འགེངས།།

མཁས་མང་རི་དྭགས་བྱེ་བའི་གཙུག་སྟེགས་སུ།།
ལུང་རིགས་གད་རྒྱངས་མཐོན་པོར་སྒྲོག་བཞིན་དུ།།
གཏོལ་མེད་ཤོར་བའི་སེང་གེ་སྲབ་མེད་ཁྱོད།།
མདོ་རྒྱུད་གངས་རིའི་སྤོ་ལ་མཆོངས་པ་མཚར།།

གཙུག་ལག་ཙན་དན་ལྗོན་བཟང་ཟོས་པའི་དྲིས།།
དབུགས་ཀྱང་མངར་བོར་འཐུལ་བའི་སྨྲ་མཁས་ཁྱེད།།
འཆད་ལ་ཟླ་བྲལ་དཔལ་ལྡན་ས་པཎ་ཞེས།།
གྲགས་པའི་དྲི་བཞོན་དགུ་ཚིགས་མཐའ་རུ་སོང་།།

རྟོག་གེའི་གསང་ཚིག་གཅམ་བུའི་ཚིག་དུམ་གྱིས།།
རབ་ཏུ་དྲེགས་པའི་གླང་སྨྱོན་ཡན་ལག་ལ།།
ལུང་རིགས་མི་ཤིགས་ཀྱོ་བས་རབ་བསྡམས་ཚེ།།
རིག་པའི་དབང་ཕྱུག་དྲན་པའི་གདུང་བ་བསླངས།།

ཆོས་ཀུན་གླུ་རུ་ལེན་པའི་རྒྱུད་མངས་རྩེར།།
ཆུ་ཤེལ་སོར་མོ་འདར་བའི་དབྱངས་ལྡན་མའི།།
ངག་རིག་ལོངས་སྤྱོད་བརྐུས་པའི་རིག་བྱེད་མཁན།།
སྨྲ་བའི་སེང་གེ་ཁྱོད་ཀྱི་མཚན་ལ་འོས།།

ལྔ་རིག་ཡན་ལག་བརྒྱད་ལྡན་གང་གཱའི་ཆབ།།
རྣམ་དཔྱོད་ཛ་ཧུ་ཁྲོས་པའི་ལྟོ་བ་རུ།།
ལྷག་མེད་བཞིབ་པས་ཕས་རྒོལ་ལོག་སྨྲའི་དཔུང་།།
ཁྱོད་ཀྱི་ལུང་རིགས་མཚོན་ལ་རབ་ཏུ་འཇིགས།།

སྲིད་པའི་ཕུན་ཚོགས་བདུད་ཀྱི་ཞགས་པ་ཡིས།།
མ་ཐུབ་ཞི་བའི་བས་མཐར་ཤོར་བ་ཁྱོད།།
ཏིང་འཛིན་མལ་ན་བདེ་ཆེན་ཡེ་ཤེས་རོས།།
མྱོས་པའི་ཚུལ་དེ་སྐལ་བཟང་སྙིང་གི་བཅུད།།

འཕགས་བོད་པཎ་གྲུབ་བྱེ་བའི་གསང་གསུམ་མཐུ།།
གཅིག་བསྡུས་མཚོ་སྐྱེས་རྒྱལ་བའི་བསྟན་པ་ལ།།
མཛད་པའི་འཕྲིན་ལས་ཡོངས་སུ་ན་དར་བས།།
དོན་ལྡན་གྲགས་པས་ཕྱོགས་ཀྱི་འཁོར་ལོ་འགེངས།།

ངེས་དོན་ཆོས་སྐུའི་རྒྱལ་སར་འཇམ་པའི་དབྱངས།།
ངུར་སྨྲིག་གར་གྱི་རྣམ་པར་རབ་རྩེན་པའི།།
གཟུགས་སྐུའི་མཛད་པ་ཆེ་བའི་པཎ་གྲུབ་ཁྱོད།།
བརྒྱུད་ལྡན་རིག་འཛིན་གོང་མའི་ཐུགས་ཀྱི་སྲས།།

གང་ཐུགས་གདོད་ནས་དག་པའི་ཨ་དར་ཤ།
ཕལ་བའི་མིག་ལ་གཡའ་ཡིས་བཏང་མིན་ཡང་།།
སྒྱུ་འཕྲུལ་དྲྭ་བའི་གསང་ཆེན་རྩེད་འཇོ་ཡིས།།
ཆོས་དབྱིངས་ཞིང་ན་མགོན་ཁྱོད་རྫོགས་སངས་རྒྱས།།

མཐའ་བརྒྱད་སྤྲོས་པའི་མཚན་མའི་ལྕགས་ཀྱུའི་རྙི།།
ཟབ་ཞི་དབུ་མའི་ལྟ་བས་ཞིག་རལ་དུ།།
བཏང་བ་དེའི་ཚེ་ཀླུ་ཡི་དབང་པོ་གང་།།
ཁྱོད་ལ་བརྟགས་ཏེ་ཐེ་ཚོམ་དཔྱངས་ཐག་འཛིན།།

ཆོས་ཉིད་དོན་གཟིགས་བས་མཐའི་རྣལ་འབྱོར་ལ།།
འཁོར་འདས་ཆོས་ཀྱི་གཤིས་ལུགས་རྫོགས་པ་ཆེའི།།
རྟོགས་པའི་རྩེད་འཇོ་ཅི་ཡང་མངའ་བ་ཡིས།།
ཀློང་ཆེན་བརྒྱུད་པའི་བུ་རྒྱུད་གཅིག་པུར་བསྔགས།།

སྡེ་གསུམ་ཀློང་དགུའི་མན་ངག་བདུད་རྩིའི་སྐྱེམས།།
ཤེས་རབ་ཧུབ་ཀྱིས་བཞེས་པའི་ཆེ་བ་དེས།།
ཁྱད་ཆོས་དྲུག་ལྡན་གདོད་མའི་ནང་དབྱིངས་སུ།།
ཐེག་རྒྱལ་ལྟ་བས་མྱོས་པའི་ང་རོ་སྒྲོག།

ཕྱི་དབྱིངས་སྤྲོས་པ་བྲལ་བའི་ཞིང་ཁམས་ནས།།
ནང་གསལ་ཐིམ་ལ་རྨུགས་ཀྱིས་མ་ཟིན་པའི།།
གཞོན་ནུ་བུམ་སྐུར་གྲོལ་བའི་རིག་འཛིན་ཁྱོད།།
དབྱིངས་རིག་ཡིད་མཁར་དང་བས་བསྙེན་ལ་མོས།།

འོད་གསལ་འདུས་མ་བྱས་པའི་གཞི་ཀློང་དུ།།
ཐེག་རྒྱལ་ལྟ་བས་མྱོས་པའི་རོལ་གར་གྱིས།།
གསང་ཆེན་སྔགས་ཀྱི་ནང་ཉམས་ལོན་པ་རུ།།
གྲུབ་བརྒྱས་གཅིག་ཏུ་ཞལ་མཆེས་ཁྱོད་མིན་སུ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།