༢༠༡༥ ལོའི་རྒྱལ་སྤྱིའི་གནས་ཚུལ་ཆེ་ཁག་ ༡༠ །

༼གཅིག༽

ཕྱི་ཟླ་ ༡ ཚེས་ ༧ ཉིན། ཧྥ་རན་སིའི་རྒྱལ་སའི་ཤཱག་ལི་ཧེབ་ དོ་ (Charlie Hebdo) ཟེར་པའི་ཟུར་ཟའི་དུས་དེབ་ཁང་དུ། རང་ལོ་ ༣༤ ཡིན་པའི་ཤེ་རིབ་ཁཱོ་ཝ་ཆཱི་ (Cherif Kouachi) དང་། རང་ལོ་ ༣༣ ཡིན་པའི་ས་ཡི་ཌཱ་ཁཱོ་ཝ་ཆཱི་(Said Kouachi) ཟེར་བའི་ཁ་ཆེ་དྲག་སྤྱོད་པ་ཕུ་ནུ་གཉིས་ཀྱིས་མེ་མདའ་བརྒྱབ་སྟེ། རྩོམ་སྒྲིག་པ་ཚུད་པའི་གསར་འགོད་པ་བཅུ་དང་སྐོར་སྲུང་བ་གཉིས་བཅས་མི་ ༡༢ དམར་གསོད་བཏང་།

༼གཉིས།༽

ཕྱི་ཟླ་ ༡ ཚེས་ ༡༦ ཉིན། ཨ་རི་དང་ཁིའུ་བྷ་བར་ལོ་ ༥༤ རྗེས་ལ་འབྲེལ་ལམ་བསྐྱར་གསོ་ཐུབ་སྟེ། ཨ་རིའི་མི་སེར་གྱིས་ཁིའུ་བྷའི་ནང་དངུལ་བྱང་ (ATM Card) བེད་སྤྱོད་དང་། ཨ་རིའི་འགྲུལ་བ་ཚོས་ཁིའུ་བྷ་ནས་ཨ་སྒོར་ ༡༠༠ ལས་མ་བརྒལ་བའི་ཆང་དང་དུ་བ་འཁྱེར་ཆོག་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་ཁག་གི་བར་ཚོང་ཟོག་ཕྱིར་ཚོང་ནང་འདྲེན་བྱེད་ཆོག་པར་གྲོས་ཆོད་བཞག

༼གསུམ།༽

ཕྱི་ཟླ་ ༤ ཚེས་ ༢༥ ཉིན། བལ་ཡུལ་རྒྱལ་ས་ཀཱ་ཋ་མན་གྲུའི་ཉེ་འཁྲིས་ལམ་བྱང་རྫོང་ཁུལ་དུ་ཚད་རིམ་ ༧།༨ ཅན་གྱི་ས་ཡོམ་བརྒྱབ་པ་དང་། དེའི་རྗེས་མུ་མཐུད་ཤུགས་ཚད་མི་འདྲ་བའི་ས་ཡོམ་བརྒྱབ་སྟེ། སྡོད་ཁང་ ༥༠༠༠༠༠ ལྷག་ཞིག་རལ་དུ་གྱུར་བའི་ཁྲོད་མི་ ༡༥༩༨༧༤ འདས་གྲོངས་དང་མི་ ༦༢༥༩ ལ་རྨས་སྐྱོན། མི་ས་ཡ་ ༡ ལྷག་ལ་སྡོད་གནས་མེད་པར་འགྱུར།

༼བཞི།༽

ཕྱི་ཟླ་ ༧ ཚེས་ ༢༣ ཉིན། ཨ་རིའི་མཁའ་དབྱིངས་རྟོག་ཞིབ་ཚན་པ་ (NASA) ཡིས། ༢༠༠༩ ལོ་ནས་བཟུང་མཁའ་དབྱིངས་སུ་གོ་ལའི་ཚད་ལེན་རྒྱང་ཤེལ་ཞིག་བཏང་སྟེ། མཁའ་དབྱིངས་ཀྱི་རྒྱུ་སྐར་ལ་རྟོག་ཞིབ་བྱས་པ་བརྒྱུད་ཉི་མའི་ཁྱིམ་རྒྱུད་ཀྱི་ཕྱི་རོལ་དུ་སའི་གོ་ལ་དང་ཤིན་ཏུ་མཚུངས་པའི་གོ་ལ་གཞན་ཞིག་ཡོད་པ་རྙེད་དེ་མིང་ལ་ཀེབ་ལར་ ༤༥༢ བྷི་(Kepler-452b) ཞེས་བཏགས།

༼ལྔ།༽

ཕྱི་ཟླ་ ༨ དང་ ༩ པའི་ནང་། ཡུ་ཁུ་རན་གྱི་གནད་དོན་གྱི་རྐྱེན་པས། ཡུ་རོབ་མཐུན་ཚོགས་དང་ཨ་རི་གཉིས་ཀྱི་ཨུ་རུ་སུ་ལ་དཔལ་འབྱོར་གྱི་ཉེས་ཆད་ཐེངས་གསུམ་ཙམ་བཅད་པ་དང་། རྒྱལ་སྤྱིའི་ཁྲོམ་རའི་ཐོག་རྡོ་སྣུམ་གྱི་གོང་ཚད་ཆག་པ་བཅས་ལ་བརྟེན་ཏེ། ཨུ་རུ་སུའི་དངུལ་གྱི་ཛ་ཐང་བརྒྱ་ཆ་ ༤༨ ལྷག་མར་ཆག་ནས་དཔལ་འབྱོར་ཉམས་རྒུད་ཐེབས་ཡོད་སྟབས། ཨུ་རུ་སུས་གཞུང་གི་བང་མཛོད་ནས་གཏན་འཇགས་མ་དངུལ་ཨ་སྒོར་ཐེར་འབུམ་ ༡ གཏོང་དགོས་བྱུང་།

༼དྲུག༽

ཕྱི་ཟླ་ ༡༡ ཚེས་ ༨ ཉིན། འབར་མའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུ་ཆེན་མོ་བྱས་ཏེ། ཟླ་དེའི་ཚེས་ ༡༣ ཉིན་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་པར། འབར་མའི་གྲོས་ཚོགས་འོག་མའི་ནང་རྐུབ་སྟེགས་ ༤༩༨ ཡོད་པའི་ཁྲོད་ལྕམ་ཨང་སན་སུའུ་སྐྱིད་ (Aung San Suu Kyi) མཆོག་གིས་སྣེ་ཁྲིད་པའི་འབར་མའི་རྒྱལ་ཡོངས་དམངས་གཙོ་ཡར་ཐོན་ཚོགས་པར་ཁྱོན་རྐུབ་སྟེགས་ ༣༨༧ ཐོབ་སྟེ་འོས་བསྡུའི་རྒྱལ་ཁབ་ཐོབ་ཡོད།

༼བདུན།༽

ཕྱི་ཟླ་ ༡༡ ཚེས་ ༡༣ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༩།༢༠ སྟེང་། ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་བདུན་གྱིས་ཧྥ་རན་སིའི་རྒྱལ་ས་ཕ་རེ་སིའི་རྐང་སྤོལ་རྩེད་ཐང་ (Stade de France stadium) དང་། ལེ་ཁཱ་རེ་ལོན་ཆང་ཁང་(Le Carillon bar)། ལེ་པི་ཌེ་ཌི་ཀོམ་བྷོ་ཇེ་ཟ་ཁང་(Le Petit Cambodge) དང་། བྷ་ཋ་ཀཱེ་ལན་རོལ་དབྱངས་འདུ་ཚོགས་ཁང་ (Bataclan concert hall) བཅས་སུ་མེ་མདའ་བརྒྱབ་པ་དང་འབར་རྫས་གཏོར་ཏེ་མི་ ༡༣༠ བསད་པ་དང་མི་ ༣༦༨ ལ་རྨས་སྐྱོན་བཏང་།
༼བརྒྱད།༽

ཕྱི་ཟླ་ ༡༢ ཚེས་ ༤ ཉིན། ཨ་རིའི་གྲོང་ཁྱེར་ལཱ་སི་ཝེ་གྷ་སི་ (Lasvegas) རུ་ ༢༠༡༥ ལོའི་འཛམ་གླིང་མཛངས་མའི་རྟིང་རྩོད་འགྲན་བསྡུར་ཚོགས་པའི་སྟེང་། ཧྥི་ལི་པིན་གྱི་ཕེཡ་ཨ་ལོན་རྫོ་ (Pia Alonzo Wurtzbach) ལགས་སུ་འཛམ་གླིང་མཛངས་མའི་རྒྱལ་ཁ་ཐོབ་ཡོད་ཀྱང་། གཙོ་སྐྱོང་བས་མཛངས་མའི་མིང་ནོར་ཏེ་ཀོ་ལོམ་པི་ཡའི་མཛེས་མ་ཨརེཡ་ཌ་ན་གྷུ་ཊརེ་རྫི་ (Ariadna Gutierrez) ལགས་ཀྱི་མིང་ཁྱབ་བསྒྲགས་བྱས་ཏེ་མཛངས་མའི་དབུ་རྒྱན་བསྒྲོན།

༼དགུ།༽

ཕྱི་ཟླ་ ༡༢ ཚེས་ ༡༢ ཉིན། ཧྥ་རན་སིའི་རྒྱལ་ས་ཕ་རེ་སིར་རྒྱལ་སྤྱིའི་རྒྱལ་ཁབ་ ༡༩༥ ཡི་སྐུ་ཚབ་ཚོས་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་ལ་ཚོགས་འདུ་ཚོགས་ཏེ། དུག་རླུང་ཚད་གཞི་ཆུང་དུ་བཏང་སྟེ་ ༢༠༢༠ ལོར་ཚ་ཚད་ (Celsius) ༢ ཡི་འོག་ལ་གནས་ཐབས་བྱ་རྒྱུ་དང་། སྟོབས་ཆེན་རྒྱལ་ཁབ་ཁག་གིས་གོ་ལའི་ཚ་དྲོད་ཆུང་དུ་གཏོང་ཆེད་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ལོ་རེར་ཨ་སྒོར་ཐེར་འབུམ་ ༡༠༠ ཡི་རོགས་སྐྱོར་བྱེད་རྒྱུའི་གྲོས་ཆོད་བཞག
༼བཅུ།༽

ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན། མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལྷན་ཁང་གིས། ཨི་རག་དང་སི་རེ་ཡའི་ཁ་ཆེ་དྲག་སྤྱོད་མཉམ་འབྲེལ་ཤོག་ཁག་སོགས་ཀྱིས་ཁ་ཆེ་ཆོས་ལྡན་རྒྱལ་ཁབ་ཟེར་བ་འཛུགས་རྒྱུ་ཡིན་ཞེས་ཟིང་འཁྲུག་བསླངས་ཏེ། ཕྱི་ལོ་ ༢༠༡༥ ལོ་མགོ་ནས་ཟླ་ ༡༢ ཚེས་ ༢༩ ཉིན་བར་མཚོ་ཐོག་བརྒྱུད་ཡུ་རོབ་ཁུལ་དུ་སྐྱབས་བཅོལ་བ་ ༡༠༠༠༥༧༣ འབྱོར་ཡོད་སྐོར་བསྒྲགས།

གསར་འགོད་པ། དོན་གྲུབ།
དུས་བབ་གསར་ཁང་ལས་ཕབ་བཤུ་བྱས་པ་ཡིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།