༈ དུས་ཀྱི་ཐུབ་པ་ཆེན་པོ། ༼ཁག་དང་པོ།༽ སྐུའི་གྱ་སྟོན་ལ་བྲིས་ཁ་བྱང་གཅིག་པའི་མཆོད་རྩོམ།

      _____/འཇམ་བཟང་།

“སྔོན་གྱི་ཐུབ་པ”རྒྱལ་པོའི་སྲས་སུ་འཁྲུངས།།
“དུས་ཀྱི་ཐུབ་པ”ཞིང་བའི་བུ་ལ་བྱོན།།
རིགས་དང་རུས་ཀྱི་ཆོ་འབྲང་མ་གཅིག་ཀྱང་།།
ལམ་གྱི་བདེན་པ་འཚོལ་སྟངས་ཀུན་ནས་མཚུངས།།

ཤཱཀྱའི་སྲས་པོས་སྒྱུ་རྩལ་རྩ་བཞི་ཆུབ།།
སོ་ནམ་བུ་ལ་གཞུང་བརྒྱའི་གདམ་པ་རྫོགས།།
ཧ་ཅང་སྐུ་ན་ཆུང་བའི་བྱིས་དུས་སུ།།
མཁྱེན་དཔྱོད་ལྷན་སྐྱེས་མངའ་བ་འདི་ཡང་མཚུངས།།
རྒྱལ་ས་སྤངས་ནས་དབེན་པའི་ནགས་སུ་གཤེགས།།
སྐུ་ཡུལ་བཞག་ནས་མི་ཡུལ་ཞབས་ཀྱིས་བཅགས།།
ཉམ་ཐག་འབངས་ཀྱི་བདེ་སྡུག་གཅིག་པུའི་ཆེད།།
ཐུགས་ཀྱིས་ཁུར་ཆེན་བཞེས་པའི་སྙིང་སྟོབས་ཀྱང་།།
ནཻརཉྫ་ནར་སྐྱིལ་ཀྲུང་ཏིང་འཛིན་མཐོང་།།
དྷ་རམ་ས་ནས་བཙན་བྱོལ་གཞིས་ཆགས་རྙེད།།
སུ་ལའང་འཐོབ་པར་དཀའ་བའི་འཐོབ་བྱ་དག།
གང་ལའང་རེ་དོགས་མེད་པར་ངང་གིས་འགྲུབ།།
བྱང་ཆུབ་ཤིང་ནས་བདེར་གཤེགས་མངོན་དུ་མཛད།།
ཨ་རིའི་ཡུལ་དུ་མཚན་སྙན་རྟགས་མ་བཞེས།།
ཐོད་བརྒལ་འབྲས་བུའི་ངོ་མཚར་རྣམ་ཐར་ཡང་།།
གཅིག་ལ་གཅིག་བཞིན་ཡང་དག་རྗེས་སུ་མཐུན།།

ཟབ་དོན“ཆོས་ཀྱི་དབུ་མ”འི་སྒོ་འཕར་ཕྱེས།།
ཐབས་མཁས“སྲིད་ཀྱི་དབུ་མ”འི་ལམ་ཆེན་བཏོན།།
ཆེས་ལ་ཆེས་ཟབ་གསུང་གི་འཕྲིན་ལས་ཀྱིས།།
ཁམས་གསུམ་དབང་དུ་བསྒྱུར་པ་འདིས་ཀྱང་འགྲན།།

གང་གི་བསྟན་པའང་བྱང་དུ་ལུང་བསྟན་བཞིན།།
ཆོས་ཚིགས་ཡུལ་དབུས་ད་ལྟ་བོད་འདི་ཡིན།།
ཁྱེད་ཀྱི་ཐུགས་རེའང་བཀའ་ཡིས་རྗེས་གནང་བཞིན།།
ལྷ་ལྡན་ཞིང་འདིར་ཞལ་འཛོམས་རྟེན་འབྲེལ་ཡོད།། བོད་ཤིང་མོ་ལུག་གི་ལོའི་ཟླ་༥ཚེས་༢ལ་མཐའ་གྲུབ་པར་བྱས།

༈དུས་ཀྱི་ཐུབ་པ་ཆེན་པོ།
_____/སྒོམ་སྐལ།
རིགས་ལ་གཟིགས་ནས་ལྷུམས་སུ་ཞུག་པའི་ཆེད། །
གླང་ཆེན་ལྟར་གཤེགས་ལྷ་ལས་མ་བབས་ཀྱང་། །
འདོར་བར་མ་བཟོད་བྱང་ཕྱོགས་ཡུལ་གྲུ་ན། །
དུས་ཀྱི་ཐུབ་པ་ཆེན་པོ་སྙིང་རྗེས་སྦྲུམ། །

ང་ནི་འཇིག་རྟེན་འདི་ན་མཆོག་གོ་ཞེས། །
འཁྲུངས་ཙམ་ཕྱག་མཛུབ་གནམ་ལ་མ་ཀེར་ཡང་།
རིམ་བཞིན་ས་སྒང་ཞབས་ཀྱིས་བཅགས་པ་ཡི། །
དུས་ཀྱི་ཐུབ་པ་ཆེན་པོ་བོད་ན་འཁྲུངས། །

སྐྱེ་བོ་དྲེགས་པ་ཅན་རྣམས་ཚར་གཅོད་ཕྱིར། །
དྲག་པོའི་ཐབས་དང་རྩལ་ལ་མ་སྦྱངས་ཀྱང་། །
འཇམ་མཉེན་ཕྱག་གིས་དུག་འབུ་སེལ་བ་ཡི། །
དུས་ཀྱི་ཐུབ་པ་ཆེན་པོ་འོད་ཀྱི་མི། །

འཇིག་རྟེན་ཆོས་དང་མཐུན་པར་བྱ་བའི་ཕྱིར། །
བརྒྱ་ཕྲག་དྲུག་ཅུའི་བཙུན་མོ་མ་བསུས་ཀྱང་། །
འབུམ་ཕྲག་དྲུག་ཅུའི་རྩ་དོན་སྒྲུབ་པ་ཡི། །
དུས་ཀྱི་ཐུབ་པ་ཆེན་པོ་གཉའ་བ་སྲ། །

འཁོར་བའི་ཕུན་ཚོགས་སྙིང་པོ་མེད་གཟིགས་ནས། །
རྒྱལ་སྲིད་སྤངས་ནས་ནགས་སུ་མ་བྲོས་ཀྱང་། །
དོན་དམ་སྲིད་དབང་དམངས་ལ་སྩོལ་བ་ཡི། །
དུས་ཀྱི་ཐུབ་པ་ཆེན་པོ་སྤྱན་རས་ཡངས། །

གནའ་བོའི་ཐུབ་པ་བདེན་ལམ་སྙེགས་པའི་ཕྱིར། །
ལོ་དྲུག་དཀའ་བ་སྤྱད་ནས་སྒོམ་ལ་ཞུགས། །
དུས་ཀྱི་ཐུབ་པ་བདེན་མཐའ་གསལ་བའི་ཆེད། །
མི་ལོ་དྲུག་ཅུར་གཞན་ཡུལ་གྱར་མུས་རེད། །

སྡང་བའི་དགྲ་ལ་མེ་ཏོག་འཐོར་བ་ཡིས། །
རྒྱལ་བུ་དོན་འགྲུབ་རྫོགས་སངས་རྒྱས་པ་དང་། །
ལྷ་མོ་དོན་འགྲུབ་ནོར་ཝེར་རྟགས་མ་ཐོབ། །
གཉིས་ཀ་ཞི་བའི་སྟོན་པ་ཞེས་སུ་གྲགས། །

མཆེད་པོ་ལྔ་ལ་བདེན་བཞི་བགྲོ་བ་ཡི། །
གནའ་བོའི་ཐུབ་པས་ཆོས་ཀྱི་འཁོར་ལོ་འཆད། །
དུས་ཀྱི་ཐུབ་པའི་བདེན་གཏམ་གཅིག་ཙམ་གྱིས། །
གླིང་ལྔའི་འཁོར་ཚོགས་ཡོམ་ཡོམ་བསྒུལ་བར་བྱས། །
མུ་སྟེགས་འཕྱ་དང་སྲོག་ཆགས་འཚེ་སྤོང་ཆེད། །
དབྱར་གསུམ་གནས་ལ་ལྷ་ཡུལ་མ་གཤེགས་ཀྱང་། །
རྒྱང་མཐོང་བརྒྱུད་ནས་ཟླ་སྟེང་གྲིབ་གཟུགས་རྟོགས། །
དུས་ཀྱི་ཐུབ་པ་ཆེན་པོ་ཚན་རིག་མཁས། །
ཁ་ཆེའི་ཞྭ་དཀར་གྱོན་ནས་ཐར་མོ་སྦྱར། །
ཡེ་ཤུ་ཆོས་དཔོན་ལྷན་དུ་དགོད་སྒྲ་འབྱིན། །
འདྲ་མིན་ཆོས་ལུགས་མཐུན་ལམ་འདིང་བ་ཡི། །
དུས་ཀྱི་ཐུབ་པ་ཆེན་པོ་སྒམ་དཀྱེེལ་ཆེ། །

ཅི་གསུང་ཚིག་ལ་གནས་ལུགས་མ་མཆིས་མེད། །
གང་ཕེབས་ཡུལ་ལ་འཛུམ་མདངས་མ་ཕྱུང་མེད། །
དྲང་སྲོང་དེ་ནི་དུས་ཀྱི་ཐུབ་པ་ཆེ། །
དགུང་གྲངས་བརྒྱད་ཅུར་ཕེབས་པའི་གཡང་རྒན་ཡིན། །

དད་སེམས་གཙང་མ་དྲི་མེད་ཁ་བཏགས་ཡིན། །
སྐུ་ཡི་གྱ་སྟོན་བསུ་བའི་ཁ་བཏགས་ཡིན། །
སྐུ་ཚེ་ཡུན་རིང་བཞུགས་པའི་ཞལ་བཞེས་ཡག །
གཞིས་བྱེས་མྱུར་འཛོམས་ཡོང་བའི་རྟེན་འབྲེལ་བཟང་། ། 2015/6/21ཉིན།

༈དུས་ཀྱི་ཐུབ་པ་ཆེན་པོ།
_____/བཙན་རལ།
ཚིག་གི་ལོ་མ་དཀར་པོ་གནམ་ནས་གཏོར།།
ཆོས་ཀྱི་འཛུམ་མདངས་རི་མོ་ཕྱི་ནས་སྦར།།
ལས་ཀྱི་སྙིང་རྩ་དམར་པོ་གཏད་ས་ཡི།།
དུས་ཀྱི་ཐུབ་པ་ཆེན་པོ་གཉའ་ལ་སྟེགས།།
བདེན་པའི་མེ་ལྕེ་དམར་པོ་ཕྱི་ནས་འཕྱུར།།
ཞི་བདེའི་འོད་སྣང་དཀར་པོས་གླིང་ཀུན་ཁྱབ།།
དད་པའི་ཆོ་ལོ་འབུལ་སའི་དོན་གྲུབ་ལ།།
ལུས་ངག་ཡིད་གསུམ་སྒོ་ནས་བསྟོད་ཕྱག་བྱེད།།
གངས་ཀྱི་སྐུད་པ་རིང་མོ་རྒྱུན་སྲིང་མཁན།།
བོད་ཀྱི་གསེར་བུམ་གཅིག་པུ་སོ་ནམ་པའི།།
ཞལ་ལྕེ་སྲིད་པའི་གོང་དུ་འབར་གྱུར་ནས།།
ལམ་དཀར་ཆུ་བོའི་རྒྱུན་ལས་རིང་གྱུར་ཅིག།

གངས་ཀྱི་རུས་མཛོད་གསེར་གྱི་ཁ་ཚར་ཅན།།
ཉི་མ་རེ་རེ་བཞིན་དུ་ཇེ་གསལ་རེད།།
ཞི་བདེའི་རྒྱ་མཚོ་བཞིན་དུ་རྒྱུན་རིང་ཤོག །
ཧི་མ་ལ་ཡ་བཞིན་དུ་སྲ་བརྟན་ཤོག །

མགོ་ཐོག་གསེར་བུམ་དང་པོ་ཁྱེད་རང་ཡིན།།
ལྕེ་ཐོག་བདུད་རྩི་དྭངས་མ་ཁྱེད་རང་ཡིན།།
ངག་གི་མཆོད་པ་ཐོག་མ་ཁྱེད་ལ་འབུལ།།
ཡིད་ཀྱི་རྩེ་མོའི་ཏོག་ཏུ་བཞུགས་པར་སྨོན།།

གནམ་ཁྲི་བདུན་གྱི་རུས་པ་མ་འཆུག་ཞིང་།།
བྱེ་མདོ་དབུ་སེམས་བཀྲལ་ལ་མ་ནོར་བ།།
དབུ་ནག་བོད་ཀྱི་རྟོགས་པ་མ་ཡལ་བའི།།
དུས་ཀྱི་ཐུབ་པ་ཆེན་པོའི་གྱ་སྟོན་བསུ།། 2015/6/20

༈དུས་ཀྱི་ཐུབ་པ་ཆེན་པོ།

_____/ཐུབ་པའི་གཞོན་རབས།
སྙིང་གི་ཕྱི་ནང་འདི་ན་དྲོད་ཅིག་ཤར།།
དྲོད་དེས་འོད་ཀྱི་སྣང་བ་ལམ་ལམ་བྱེད།།
འོད་དེས་མུན་པའི་གྲོང་ལས་ཕྱོགས་སྟོན་བྱེད།།
འཇིག་རྟེན་མགོན་སྐྱབས་དུས་ཀྱི་ཐུབ་པའོ།།

ཡིད་ཀྱི་སྤུ་རིས་ཀློང་དུ་ལྷ་ཞིག་འབྲི།།
ལྷ་དེ་བདུད་ཀྱི་མིག་གི་ཚེར་མ་དང་།།
བདུད་དེ་ལྷ་ཡི་སྤྱན་གྱིས་སྲུང་བྱ་ཉིད།།
དགྲ་གཉེན་ཕྱོགས་མེད་དུས་ཀྱི་ཐུབ་པའོ།།

ཁོ་བོའི་མིག་ཟུང་གཉིས་སུ་མེ་ཏོག་འཁོར།།
དེས་ནི་དྲི་བསུང་འཐུལ་འཐུལ་བུང་བ་འདྲེན།།
དེས་ནི་བདེ་དགའི་དཔལ་སྟེར་ཁ་དོག་སྦྱིན།།
འགྲོ་ཕན་སྒྲུབ་པ་དུས་ཀྱི་ཐུབ་པ་འོ།།

རྨི་ལམ་སྒྱུ་མའི་སྒང་ནས་རྗེ་ཞིག་མཇལ།།
རྗེ་དེས་བདག་ནི་སྙིང་གི་བུ་རུ་སྨྲ།།
ཁྱེད་ནི་བདག་གི་སེམས་ཀྱི་ཡོད་ཚད་དེ།།
བྱམས་པ་གཡོ་མེད་དུས་ཀྱི་ཐུབ་པའོ།།

གདོང་ལྔའི་དར་ཆའི་དབུས་སུ་ཉི་མ་འབྲི།།
དེས་ནི་སྐར་མའི་འོད་མདངས་མོག་བྱེད་དང་།།
དེས་ནི་གངས་ལ་དཔལ་བསྐྱེད་འོད་བྱེད་པ།།
དྲང་པོའི་དཔལ་སྟོན་དུས་ཀྱི་ཐུབ་པའོ།།

སེམས་ཀྱི་ཕོ་བྲང་དབུས་སུ་མགོན་ཞིག་བསྐྱེད།།
མགོན་དེ་དབུ་མའི་ལམ་ལས་གཤེགས་མཛད་པ།།
དེ་ནི་བདེན་པའི་ལམ་སྟོན་སེམས་དཔའ་ཉིད།།
ཕྱོགས་ལྷུང་མེད་པའི་དུས་ཀྱི་ཐུབ་པ་འོ།།
གངས་རིའི་ཕར་རྒྱབ་འདི་ན་གངས་རི་ཞིག།
དེ་ནི་ས་ཡ་དྲུག་པོའི་རྒྱབ་རི་སྨྲ།།
དེ་ནི་ཁོ་བོའི་ཚེ་ནོམ་ཡ་གཅིག་སྟེ།།
དེ་ནི་སྔར་ལས་སྲ་ཚུགས་རྟག་བརྟན་ཤོག།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།