༄། །བོད་གནམ་ལོ་གསར་ཚེས་ལ་ཕུལ་བའི་ཤིས་ཚིག

ཐུགས་རྗེའི་འོད་ཞགས་སྲིད་པའི་མཐའ་ལ་བསྐྱངས།།
བརྩེ་བའི་འཛུམ་གྱིས་སྐྱེ་དགུ་མགྲོན་དུ་བསུས།།
ཁ་བའི་ལས་དབང་ཕྱག་ཟུང་མཐིལ་ནས་བསྐྱོར།།
རྒྱལ་མཆོག་ཕྱག་ན་པདྨོས་དགེ་ལེགས་སྩོལ།།
དེ་ལྟར་ཤིས་པར་བརྗོད་པའི་ཚིག་གིས་མདུན་བསུས་ཏེ། བོད་རྒྱལ་ལོ་༢༡༤༤ གསེར་འཕྱང་ཞེས་པ་མེ་བྱ་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་གྱི་ཉིན་མོ་འདིེར་ཆོལ་གསུམ་སྤུན་ཟླ་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། ལོ་གསར་བའི་ནང་བསིལ་ལྡན་གངས་ཅན་པ་ཚང་གི་བསམ་པའི་དོན་མཐའ་དག་གེགས་མེད་ཡིད་བཞིན་དུ་འགྲུབ་ཅིང་།
༧ལྷར་བཅས་སྲིད་ཞིའི་གཙུག་རྒྱན། ས་སྟེང་གི་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན། རང་རེ་གངས་ཅན་པ་ཡོངས་ཀྱི་མགོན་སྐྱབས་དང་དཔུང་གཉེན་གཅིག་པུ། འཕགས་མཆོག་ཕྱག་ན་པདྨོ་སྡོམ་བརྩོན་ངུར་སྨྲིག་གར་གྱི་རྣམ་པར་རོལ་པ། རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་བོ་མཆོག་གི་སྡེའི་སྐུ་ཚེ་མི་ཤིག་བསྐལ་བརྒྱར་བརྟན་ཅིང་། རླབས་ཆེན་ཐུགས་ཀྱི་བཞེད་པ་མཐའ་དག་ཡོངས་སུ་འགྲུབ་སྟེ། དེ་ཡང་ཇི་སྐད་དུ།
མདོར་ན་མགོན་པོ་སྤྱན་རས་གཟིགས་དབང་གིས།།
སྲས་བཅས་རྒྱལ་བའི་སྤྱན་སྔར་གངས་ཅན་ཞིང་།།
ཡོངས་བཟུང་རྒྱ་ཆེན་སྨོན་ལམ་གང་མཛད་པའི།།
འབྲས་བཟང་དེང་འདིར་མྱུར་དུ་འཆར་བར་གསོལ།།
ཞེས་ཇི་ལྟར་ཐུགས་སྨོན་གནང་བ་དེ་དེ་བཞིན་དུ་འགྲུབ་པའི་བཀྲ་ཤིས་སྨོན་འདུན་གྲངས་མེད་བཅས། བོད་རྒྱལ་ལོ་༢༡༤༤ ལོའི་བོད་ཟླ་༡ ཚེས་༡ ཉིན།
དབལ་ཤུལ་༼གསེར་རྟའི་དྲ་ཚིགས་༽རྩོམ་སྒྲིག་པས་གུས པས་ཕུལ།

One Response

  1. བོད་ཀྱི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། ཁྱེད་ཅག་གི་བསམ་དོན་ཆོས་བཞིན་དུ་འགྲུབ་པའི་བཀྲ་ཤིས་སྨོན་འདུན་གྲངས་མེད་ཞུ། ལོ་སར་བཟང་། བོད་རྒྱལ་ལོ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།