༄༅། །རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བླ་རུང་སྒར་གྱི་བར་ཐག

ཁྲིམས་གླེང་དྲ་བ་ལས་བླངས།

ཉེ་ཆར་མདོ་སྨད་གསེར་རྟའི་བླ་རུང་སྒར་དུ་ས་གནས་སྲིད་གཞུང་གིས་མེ་འགོག་དང་སྤྱི་ཚོགས་བདེ་འཇགས་སོགས་ལ་ཁ་གཡར་ནས། དགོན་པའི་གྲ་ཤག་འབོར་ཆེན་གཏོར་ཏེ། གྲྭ་བ་དང་ཇོ་མོ་རྣམས་དགོན་པ་ནས་འདུག་གི་མ་བཅུག་པར་རླངས་འཁོར་ནང་བཙན་གྱིས་ཁྲིད་དེ་ཕྱིར་སོ་སོའི་གནས་ཡུལ་དུ་སྐྱེལ་བའི་གནད་དོན་དེ་ལ། མི་མང་ཆེ་བ་ཞིག་གིས་ས་གནས་སྲིད་གཞུང་གིས་བཙུན་པའི་དངོས་ཟོག་གི་ཐོབ་ཐང་དང་ཁང་ཁྱིམ་གྱི་བདག་དབང་ལ་རྡོག་རོལ་བཏང་བ་རེད་ཅེས་དགག་པ་རྒྱག་གི་འདུག
ངས་བལྟས་ན་དོན་དག་འདི་དམངས་ཁྲིམས་དང་དངོས་ཟོག་གི་ཁྲིམས་༼物权法༽་ལ་འགལ་བའི་སྲིད་འཛིན་བྱ་སྤྱོད་རྐྱང་རྐྱང་ཞིག་མ་ཡིན་པར། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དོན་ཚན་༣༧་པའི་མི་ལུས་རང་དབང་དང་། དོན་ཚན་༣༢བའི་ཚན་པ་༢བའི་འདྲ་མཉམ་གྱི་ཐོབ་ཐང་དང་། དེའི་དོན་ཚན་༣༦་གི་ཆོས་ལུགས་དད་མོས་རང་དབང་གི་རྩ་དོན་དང་འགལ་ཡོད་པམ་ཟད། དེ་ལས་འཕྲོས་བའི་ཉེས་ཁྲིམས་ཀྱིས་མི་ལུས་རང་དབང་གི་ཐོབ་ཐང་ལ་གནོད་གཙེས་བྱས་བའི་ཁྲིམས་འགལ་བཀག་ཉར་༼非法拘禁༽གྱི་ཉེས་པ་བསགས་ཡོད་པ་དང་། བྱ་སྤྱོད་དེས་༢༠༠༣་གྱི་ལོར་ནུས་མེད་དུ་བཟོས་ཟིན་པའི་སྤྱི་དམངས་བསྡུ་རུབ་བྱས་ནས་ཕྱིར་ཡུལ་དུ་བསྐྱལ་བའི་ལམ་ལུགས་༼收容遣送制度༽་དེ་གསེར་རྟ་ནས་རོ་ལངས་བརྒྱབ་པ་རེད་སྙམ། རང་རེའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་། སྤྱི་དམངས་ལ་འགྲོ་འདུག་གི་རང་དབང་ལ་སོགས་འདུས་པའི་མི་ལུས་རང་དབང་ཡོད་ཅེས་གཏན་འབེབས་བྱས་བ་བཞིན། སྤྱི་དམངས་རྣམས་གནས་ཡུལ་གང་ནས་འཚོ་ཚིས་སྒྲུབ་པ་དང་། སློབ་སྦྱོང་དང་ཆོས་སྤྱོད་ཉམས་ལེན་སོགས་བྱེད་པ་ནི་སོ་སོའི་འདོད་མོས་ཡིན་པ་མ་ཟད། རྩ་ཁྲིམས་ཀྱི་རྒྱབ་རྟེན་ཡོད་པའི་ཐོབ་ཐང་ཞིག་ཀྱང་ཡིན། རྩ་ཁྲིམས་ཀྱི་དགོངས་པ་དེ་ལ་བརྟེན་ནས་ཉེས་ཁྲིམས་ཀྱིས་འབྲེལ་ཡོད་ཀྱི་ཉེས་མིང་བཟོས་ཏེ་སྤྱི་མང་གི་མི་ལུས་རང་དབང་གི་ཐོབ་ཐང་ལ་སྲུང་སྐྱོབ་བྱས། ལོ་སུམ་ཅུ་བཞི་ཅུའི་ཡར་སྔོན་ཏུ། སྤྱི་དམངས་མི་ཉུང་བ་ཞིག་རྒྱལ་ཁབ་ཀྱི་ཤར་ལྷོའི་དཔལ་འབྱོར་དམིགས་བསལ་ས་ཁུལ་དུ་གནས་སྤོར་ཏེ། དཔལ་འབྱོར་གྱི་འདུ་འགོད་བསྒྲུབས་པས། དེས་རང་ཉིད་ཀྱི་འཚོ་བའི་ཆུ་ཚད་འཕེལ་རྒྱས་སུ་བཏང་ཡོད་པས་མི་ཚད། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་དཔལ་འབྱོར་གོང་འཕེལ་ལ་བྱས་རྗེས་ཆེན་པོ་བཞག་ཡོད།  དེའི་ཕྱིར་སྤྱི་དམངས་རྣམས་གནས་གཞན་ལ་སྤོར་ནས་སློབ་སྦྱོང་དང་འཚོ་ཐབས་བཙལ་ན། ཁྲིམས་དང་འགལ་མེད་པ་མ་ཟད། རྒྱལ་ཁབ་ཀྱི་ཡར་རྒྱས་ལ་ཕན་པའི་ལས་ཤིག་ཡིན།

རྒྱལ་ཁབ་ཀྱི་ཁྲིམས་བཟོ་བའི་ཁྲིམས་ཀྱི་དོན་ཚན་༨་པ་དང་༩་བ་ལྟར་ན། ས་གནས་སྲིད་གཞུང་གིས་མི་ཚོགས་ཞིག་ས་གནས་གཅིག་ནས་ས་གནས་གཞན་དུ་བཙན་ཤེད་ཀྱིས་གནས་སྤོར་བྱེད་དགོས་ན། དེ་ལ་ངེས་བར་དུ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ལྷན་ཁང་ནས་བཟོས་བའི་ཁྲིམས་ལུགས་ཀྱི་རྒྱབ་རྟེན་དང་རྒྱུ་མཚན་ཞིག་དགོས། དེ་ལྟ་མ་ཡིན་པར་ཁྲིམས་འགལ་གྱིས་མི་ཚོགས་རླངས་འཁོར་ནང་བཙན་གྱིས་བཅུག་ནས་ཡུལ་གཞན་དུ་བསྐྱེལ་ན། བྱ་སྤྱོད་དེ་ནི་ང་ཚོའི་རྒྱལ་ཁབ་ཀྱི་ཉེས་ཁྲིམས་ཀྱི་དོན་ཚན་༢༣༨་ཏེ། ཁྲིམས་འགལ་གྱིས་བཀག་ཉར་བྱས་བའི་ནག་ཉེས་བསགས་པའི་བྱ་སྤྱོད་ཅིག་ཡིན། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་ཞིབ་དཔྱོད་ཁང་གི་ཁྲིམས་འཛིན་འགྲེལ་བཤད་ནང་དུ། ༼རྒྱལ་ཁབ་ཀྱིས་དབང་འཛིན་མི་སྣས་ཁྲིམས་འགལ་གྱིས་སྤྱི་དམངས་ཀྱི་མི་ལུས་རང་དབང་གི་ཐོབ་ཐང་ལ་གནོད་གཙེ་བྱས་བའམ། ཁྲིམས་འགལ་གྱིས་གང་ཟག་ཅིག་གམ་ཁྱུ་ཚོགས་ཞིག་གི་འགྲོ་འདུག་གི་རང་དབང་བསྡམས་ནས། བཟུང་བཀྱིག་བཀག་ཉར་སོགས་ཆུ་ཚོད་༢༤་ཡན་ལ་བྱས་པ་ཡིན་ན། ཁྲིམས་འགལ་བཀག་ཉར་གྱི་ནག་ཉེས་ཡིན།༽ཞེས་འཁོད་ཡོད་པ་ལྟར། གསེར་རྟ་ས་གནས་སྲིད་གཞུང་གི་བྱ་བ་ལས་སྟངས་རྩ་ཁྲིམས་དང་མངོན་སུམ་དུ་འགལ་ཡོད་པ་མ་ཟད། ཉེས་ཁྲིམས་ཀྱི་དོན་ཚན་འདི་དང་ཡང་འགལ་འདུག

གསེར་རྟ་བླ་རུང་སྒར་ནི་ད་ལྟ་བོད་ཀྱི་ནང་ཆོས་སློབ་གཉེར་བ་བསྐྱེད་གསོ་བྱེད་པའི་བསྟི་གནས་ཆེ་ཤོས་ཡིན། དེའི་ནང་གི་དགེ་འདུན་པ་དང་སློབ་གཉེར་བ་རྣམས་ནི་ནང་ཆོས་ཀྱི་རིག་གནས་དང་ཡོན་ཏན་སོགས་ལ་སློབ་གཉེར་གྱི་ཚད་མཐོན་པོར་སོན་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་ཁྲིམས་དང་སྲིད་ཇུས་ལའང་ཤེས་རྟོགས་ཆེ་ཆེར་མངའ་བའི་དགེ་འདུན་པའི་འདུས་སྡེ་ཞིག་ཡིན། ས་གནས་སྲིད་གཞུང་གིས་འདི་ལྟར་བལྟས་བལྟས་རིག་རིག་ལ་རྩ་ཁྲིམས་བཤིག་ནས་ཉེས་ཁྲིམས་འགལ་ན། རྒྱ་ཆེའི་དགེ་འདུན་པ་འདུས་བའི་མང་ཚོགས་ཀྱིས་རྒྱལ་ཁབ་ཁྲིམས་ལྟར་སྐྱོང་བར་བཅིངས་བའི་ལྷག་བསམ་ལ་ཤིན་ཏུ་གནོད་པ་དང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བླ་རུང་སྒར་གྱི་བར་ཐག་ཇེ་རིང་དུ་གཏོང་གིན་རེད། མེ་འགོག་དང་སྤྱི་ཚོགས་བདེ་འཇགས་ཀྱི་ཆེད་དུ་གྲྭ་ཤག་རེ་འགའ་གཏོར་ན་སྐྱོན་ཆེར་མ་མཐོང་ཡང་། གྲྭ་ཤག་ནང་དུ་ཁྲིམས་མཐུན་ངང་གནས་བསྡོད་བྱེད་པའི་དགེ་འདུན་པའང་ཁྲིམས་ཀྱི་བརྒྱུད་རིམ་མེད་པར་ཡུལ་གཞན་དུ་བཙན་གྱིས་སྤྱུགས་ན། བྱ་སྤྱོད་དེ་ཁྲིམས་དང་ཏག་ཏག་བསྡད་མི་འདུག དེའི་ཕྱིར་ས་གནས་མང་ཚོགས་ཀྱིས་དཀར་མཛེས་ཞིབ་དཔྱོད་ལས་ཁུངས་ལ་ཞུ་འབུལ་བྱེད་པའམ། དཀར་མཛེས་ཞིབ་དཔྱོད་ལས་ཁུངས་ཀྱིས་ནག་ཉེས་འདི་རིགས་ལ་བརྩད་གཅོད་བྱས་ནས། འབྲེལ་ཡོད་ཀྱི་དཔོན་རིགས་དང་ལས་བྱེད་པའི་ནག་ཉེས་ཁྲིམས་ལྟར་བདའ་འདེད་བྱས་ཏེ། ཁྲིམས་འགལ་གྱི་བྱ་གཞག་འདིའི་རྒྱུན་བཅད་ན། ད་གཟོད་ས་གནས་ཁྲིམས་འཛིན་ལས་ཁུངས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གི་སྲིད་ཇུས་ལ་རྒྱབ་སྐྱོར་ཡོད་པའི་ཆོད་སེམས་དེ་མངོན་གསལ་དུ་མཚོན་ཐུབ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།