༄༅། །དུས་ཀྱི་ཐུབ་པ་ཆེན་པོ།

དམར་པོའི་གཞུང་ལ་སྡང་བས་མ་བརྩད་ཅིང་། །
དབུ་ནག་བོད་ཀྱི་གནས་བབས་མ་བརྗེད་པར། །
གཉིས་སྨན་ཞི་བའི་ལམ་སྲོལ་སྟོན་པ་པོ། །
དུས་ཀྱི་ཐུབ་པ་ཆེན་པོ་རྒྱལ་གྱུར་ཅིག །

སྲོལ་རྒྱུན་མཁྲེགས་པོའི་ར་བ་ལས་གྲོལ་ཞིང་། །
དེང་རབས་སྒེག་མོའི་དབང་དུ་མ་གྱུར་པའི། །
གནའ་དེང་གཉིས་ཀྱི་དབུས་ལ་གནས་པ་ཡི། །
དུས་ཀྱི་ཐུབ་པ་ཆེན་པོ་རྒྱལ་གྱུར་ཅིག །ཁ་ཆེ་ཧིན་རྡུ་ཡེ་ཤུ་མ་ཤི་སོགས། །
མུ་སྟེགས་པ་ཞེས་བསྡིག་པར་མ་མཛད་ལ། །
རང་གཞན་གྲུབ་མཐའི་ཆགས་སྡང་རབ་སྤངས་པས། །
དུས་ཀྱི་ཐུབ་པ་ཆེན་པོ་རྒྱལ་གྱུར་ཅིག །

འདུལ་ལུང་སྡེ་བཞིའི་སྙིང་བོ་ཉམས་བཞེས་པའི། །
གནས་དང་གནས་མིན་འབྱེད་པའི་སྤྱན་ལྡན་ཞིག །
ལྟུང་བ་སྡེ་ལྔའི་བླང་དོར་མ་འཆོར་བའི། །
དུས་ཀྱི་ཐུབ་པ་ཆེན་པོ་རྒྱལ་གྱུར་ཅིག །

དུས་རབས་ཤིག་གི་འཕོ་འགྱུར་བཙན་པོའི་ཁྲོད། །
ས་ཡ་དྲུག་གི་བདེ་སྡུག་ཕྲག་ཏུ་བླངས། །
སྙིང་སྟོབས་རི་ལྟར་བརྟན་པའི་ན་གཞོན་ཞིག །
དུས་ཀྱི་ཐུབ་པ་ཆེན་པོ་རྒྱལ་གྱུར་ཅིག །

ཕོ་ལོ་བརྒྱད་ཅུར་ཤེས་བྱར་གོམས་པ་ཡི། །
ཉམས་མྱོང་ལེགས་ཉེས་སྟོན་པའི་རྒན་པ་ཞིག །
གྲངས་མེད་འགྲོ་བའི་ཡིད་མཁར་རབ་འཕགས་པའི། །
དུས་ཀྱི་ཐུབ་པ་ཆེན་པོ་རྒྱལ་གྱུར་ཅིག །

ཞུམ་མེད་ཐུགས་སྤོབས་དུས་ཀྱི་མེ་ལྕེ་ལྟར། །
གླིང་ལྔར་གྲགས་པའི་མེ་ཏོག་དགོད་པའི་གཉེན། །
ངུར་སྨྲིག་རས་གོས་གསོལ་བའི་ཞི་དུལ་ཅན། །
དུས་ཀྱི་ཐུབ་པ་ཆེན་པོ་རྒྱལ་གྱུར་ཅིག །

དེའི་ཕྱིར་འཁོས་ཆུང་བདག་ཡིད་ཁྱེད་ལ་ཕྱོགས། །
ཕྱོགས་མེད་བྱམས་དང་སྙིང་རྗེའི་སྤྱོད་པར་དུངས །།
དུངས་ཞེན་ཡིད་འཛིན་ལྷ་དར་དཀར་པོ་དེ། །
དེ་ལྟར་ཐུབ་པ་ཁྱེད་ལ་འབུལ་བར་སྤྲོ། །

རང་དབང་ལུང་པར་བཞུགས་པས་གློ་བ་དགའ། །
ཕ་གཞིས་ཤུལ་ན་ཡོད་པས་མཆིན་པ་སྐྱུར། །
དེ་འདྲའི་དགའ་སྐྱོ་ཟུང་གིས་བསྐྲུན་པའི་གཏམ། །
དགུང་གྲངས་བརྒྱད་ཅུར་སོན་པའི་སྐྱེས་སུ་ཕུལ། །ཞེས་པ་འདི་ཕྱི་ལོ་༢༠༡༥ ཟླ་བ་༦ ཚེས་༡༠ རེས་གཟའ་ལྷག་པའི་ཉིན་༸གོང་ས་ལྷ་མིའི་རྣམ་འདྲེན་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་འཁུངས་སྐར་ལ་གཞིས་སྡོ་པ་ཕུན་བདེར་འབོད་པས་གུས་པའི་ཕུལ་བའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།