༄༅།།རྗེ་བླ་མའི་གསུང་དྲང་ངེས་ལེགས་བཤད་སྙིང་བོའི་ཐལ་འགྱུར་བའི་ལུགས་ཀྱི་ཤེས་སྒྲིབ་ངོས་འཛིན་གྱི་གཞུང་གི་དཀའ་གནས་ལས་འཕྲོས་ཏེ་ཅུང་ཟད་དཔྱད་པ།

                                             ལྷ་རམས་པ་ཚུལ་ཁྲིམས་བསྟན་འཛིན།

གསུང་གཅི༵ག་གདངས་སུ་ཤར་བའི་རྟེན་འབྱུང་གཏམ།།

རྐང་གཉིས༵་འགྲོ་བའི་ཁམས་དང་མཉམ་འཇུག་པའི།།

ཐེག་གསུ༵མ་ཆོས་ཀྱི་གྲུ་ཆར་འབེབས་མཁས་པ།།

སྐུ་བཞི༵འི་བདག་ཉིད་སྟོན་པ་དེ་ལ་འདུད།།

བཀའ་བསྟན་གཞུང་གི་དཀའ་གནད་མདུད་པའི་རྒྱ།།

སྐྱེས་སྦྱང་རལ་གྲི་རྣོན་པོས་དབྲལ་བྱས་ཏེ།།

ཕན་བདེའི་ལམ་བཟང་གསལ་ལ་ཟླ་མེད་པ།།

འཕགས་བོད་ལོ་པཎ་རྣམས་ཀྱི་སྐུ་དྲིན་དྲན།།

བཀའ་གདམས་གསར་མའི་སྲོལ་འབྱེད་ཙོང་ཁ་བ།།

རྒྱལ་བའི་རྒྱལ་ཚབ་དར་མ་རིན་ཆེན་ཞབས།།

ཐུགས་ཀྱི་སྲས་མཆོག་མཁས་གྲུབ་དགེ་ལེགས་དཔལ།།

ཡབ་སྲས་རྣམ་གསུམ་ཚེ་རབས་གཏན་གྱི་སྐྱབས།།

ལས་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་དེ།།

འཇམ་དཔལ་དབྱངས་དངོས་འཇམ་དབྱངས་བཞད་པའི་སྡེ།།

ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་སོགས།།

དངོས་བརྒྱུད་བླ་མས་བྱང་ཆུབ་བར་དུ་སྐྱོངས།།

དེ་ལྟར་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས་སྐབས་སུ་བབས་པའི་དོན་ལ་འཇུག་པ་ནི། འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་ཆེན་པོས་རང་ཅག་ཕྱིས་འབྱུང་གདུལ་བྱའི་བགོ་སྐལ་དུ་བསྩལ་པའི་གསུང་རབ་པོ་ཏི་བཅོ་བརྒྱད་ཀྱི་ནང་ཚན། རྗེ་བླ་མའི་ལྕགས་གཞུ་ལྕགས་མདའ་ཞེས་ཡོངས་སུ་གྲགས་ཤིང་ཕུལ་དུ་བྱུང་བའི་ལེགས་བཤད། དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་བོ་ལས། དེ་ལྟ་ན་ཤེས་སྒྲིབ་གང་ལ་བྱེད་སྙམ་ན། འཇུག་འགྲེལ་ལས། དེ་ལ་མ་རིག་པའི་བག་ཆགས་ནི་ཤེས་བྱ་ཡོངས་སུ་གཅོད་པའི་གེགས་སུ་གྱུར་པ་ཡིན་ལ།  འདོད་ཆགས་ལ་སོགས་པའི་བག་ཆགས་ཡོད་པ་ནི་ལུས་དང་ངག་དག་གི་འཇུག་པ་དེ་ལྟ་བུའི་རྒྱུ་ཡང་ཡིན་ཏེ།  མ་རིག་པ་དང་འདོད་ཆགས་ལ་སོགས་པའི་བག་ཆགས་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་དང་སངས་རྒྱས་ཁོ་ན་ལ་ལྡོག་པར་འགྱུར་གྱི་གཞན་དག་ལ་ནི་མ་ཡིན་ནོ། །ཞེས་གསུངས་པ་འདི་ལས་གསལ་བའི་ངོས་འཛིན་ལུགས་འདིའི་སྐོར་དང་ཡབ་སྲས་ཀྱི་གཞུང་རྩོད་མེད་ལས་མ་བྱུང་ངོ་། །ཞེས་དང་། ཡང་ཞེས་པས་ཆགས་སོགས་ཀྱི་བག་ཆགས་ཤེས་བྱ་གཅོད་པའི་གེགས་སུ་ཡང་བསྟན་པས་ཉོན་མོངས་པའི་བག་ཆགས་ཐམས་ཅད་ཀྱང་ཤེས་སྒྲིབ་ཡིན་ཏེ།  དེའི་འབྲས་བུ་གཉིས་སྣང་འཁྲུལ་བའི་ཆ་ཐམས་ཅད་ཀྱང་དེར་བསྡུའོ། །ཞེས་སོགས་ཐལ་འགྱུར་བའི་ལུགས་ཀྱི་ཤེས་སྒྲིབ་ངོས་འཛིན་གྱི་གཞུང་རྣམས་ལ་འགྲེལ་བ་མཛད་སྐབས། རྗེ་བླ་མས་ཤེས་སྒྲིབ་ལ་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ཡོད་པར་གསལ་བར་གསུངས་ཀྱང་། ཤེས་པར་གྱུར་པའི་ཤེས་སྒྲིབ་ཅེས་གསུང་གི་ཚིག་ཟིན་མ་ཐོན་པ་ལ་བརྟེན་ནས། སྟག་ཚང་ལོ་ཙཱ་བ་སྒྲ་བ་ཤེས་རབ་རིན་ཆེན་གྱིས། གྲུབ་མཐའ་ཀུན་ཤེས་ལེའུ་ལྔ་བ་ལས། ཉོན་མོངས་ཅན་མིན་མ་རིག་ཡོད་པ་དང་། །ཤེས་པར་གྱུར་པའི་ཤེས་སྒྲིབ་མེད་པ་འགལ། །ཞེས་སོགས་རྩ་འགྲེལ་ལས་འགལ་བརྗོད་མཛད་པར། རི་བོ་དགེ་ལྡན་པའི་མཁས་དབང་སོ་སོས་འགལ་སྤོང་མཛད་པ་ན། རྗེ་རང་གི་ལུགས་ལ་ཐལ་འགྱུར་བས་ཤེས་སྒྲིབ་ལ་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་འདོད་པར་ཞལ་མཐུན་ཀྱང། ཤེས་པར་གྱུར་པའི་ཤེས་སྒྲིབ་བཞེད་པ་དང་། མི་བཞེད་པའི་ཕྱོགས་གཉིས་བྱུང་འདུག་ཅིང་། རྗེ་བླ་མའི་ལེགས་བཤད་ལ་མཐོང་ཐོས་ཉི་ཚེ་བ་ཙམ་ལས་མེད་པའི་གྱི་ན་བ་བདག་ལ་མཁས་པའི་དབང་བོ་དེ་དག་གི་གསུང་རབ་ལ་དེ་མིན་འདི་ཡིན་ཞེས་ཁ་ཚོན་གཅོད་པའི་ཆ་རྐྱེན་གང་ཡང་མེད་མོད། དཀའ་བའི་གནས་འདི་ལྟ་བུ་ཞིག་ལ་བློ་ཁ་ཙམ་ཕྱོགས་ནུས་པ་ཡང་སྐལ་བ་དང་ལྡན་པར་སྙམ་ནས་ཚུལ་འདིར་འཇུག་པ་ལ།

ཤེས་པར་གྱུར་པའི་ཤེས་སྒྲིབ་མི་བཞེད་པའི་ལུགས་དགོད་པ་དང། བཞེད་པའི་ལུགས་དགོད་པ། མི་བཞེད་པའི་ཕྱོགས་ལ་དོགས་པ་སློང་བ། དོན་བསྡུས་ཏེ་རང་ལུགས་གཞག་པ་བཞི་ལས།

དང་བོ་ནི། མདོ་སྔགས་རབ་འབྱམས་པ་པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་དབུ་མའི་སྤྱི་དོན་ཟབ་དོན་གསལ་བའི་སྒྲོན་མེ་ལས། འོ་ན་བདེན་འཛིན་གྱི་མ་རིག་པ་ཉོན་མོངས་པའི་སྒྲིབ་པར་འཇོག་ན། ལུགས་འདིས་ཤེས་སྒྲིབ་གང་ལ་བྱེད་ཅེ་ན། རང་འགྲེལ་ལས། དེ་ལ་མ་རིག་པའི་བག་ཆགས་ནི་ཤེས་བྱ་ཡོངས་སུ་གཅོད་པའི་གེགས་སུ་གྱུར་པ་ཡིན་ལ། ཞེས་པ་ནས། གཞན་དག་ལ་ནི་མ་ཡིན་ནོ། །ཞེས་པའི་བར་དྲངས་ནས་ལུང་དེའི་དོན་འཆད་པ་ན། སྤྱི་དོན་དེ་ཉིད་ལས། དོན་ནི་བདེན་འཛིན་གྱི་བག་ཆགས་ཉིད་ཤེས་སྒྲིབ་ཏུ་འདོད་དེ། བག་ཆགས་དེ་ཉིད་ཤེས་སྒྲིབ་མ་ཡིན་ན། ཉོན་མོངས་པའི་སྒྲིབ་པ་ལས་འོས་མེད་ནའང༌། དེ་ཉོན་སྒྲིབ་མ་ཡིན་པའི་ཕྱིར་ཏེ། དེ་དགྲ་བཅོམ་པ་ལ་ཡོད་པའི་ཕྱིར་ཏེ། ཞེས་དང། དེ་ཡང་ཉོན་མོངས་ཀྱི་ས་བོན་ལ་བག་ཆགས་སུ་བཞག་པ་གཅིག་དང༌། ཉོན་མོངས་ཀྱི་ས་བོན་མ་ཡིན་པའི་བདེན་འཛིན་གྱི་བག་ཆགས་གཉིས་ཡོད་པ་ལས། ཤེས་སྒྲིབ་ཏུ་འཇོག་པ་ནི་ཕྱི་མ་ཡིན་པ་སྔར་བཤད་པ་ལྟར་རོ། །འོ་ན། ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ཤེས་སྒྲིབ་ཏུ་བཤད་པ་ཇི་ལྟར་ཡིན་ཞེ་ན། དེ་ནི་བདེན་འཛིན་གྱི་བག་ཆགས་ཉིད་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པར་བཞེད་པས་གཞན་དུ་བསམ་པར་མི་བྱ་ལ། ཁ་ཅིག ཤེས་པར་གྱུར་པའི་ཤེས་སྒྲིབ་ཡོད་པའི་སྒྲུབ་བྱེད་དུ་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ཤེས་སྒྲིབ་ཡིན་པ་འགོད་པ་ཡང་བཞད་གད་ཀྱི་གནས་སུ་ཤེས་སླ་བ་ཡིན་ནོ། །ཞེས་སོགས་དང་། དེ་ཉིད་ཀྱིས་མཛད་པའི་དབུ་མ་ལ་འཇུག་པའི་བརྒལ་ལན་ཟབ་དོན་ཡང་གསལ་སྒྲོན་མེ་ལས། ཤེས་སྒྲིབ་ཀྱི་ངོས་འཛིན་ལ་ཁ་ཅིག  ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་དེ་ཤེས་པར་གྱུར་པའི་ཤེས་སྒྲིབ་ཡིན་ཞེས་ཟེར། དེ་མི་འཐད་པར་ཐལ། ཤེས་པར་གྱུར་པའི་ཤེས་སྒྲིབ་མེད་པའི་ཕྱིར་ཏེ། ཤེས་སྒྲིབ་ཀུན་བརྟགས་མེད་པའི་ཕྱིར་དང༌། ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་དེ་ཤེས་པ་མ་ཡིན་པའི་ཕྱིར། དེར་ཐལ། དེ་མ་རིག་པ་མ་ཡིན་པའི་ཕྱིར། དེར་ཐལ། མ་རིག་པ་ཡིན་ན་ཉོན་མོངས་ཅན་གྱི་མ་རིག་པ་ཡིན་དགོས་པའི་ཕྱིར་དང༌། བདེན་འཛིན་གྱི་བག་ཆགས་དེ་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ཡིན་པའི་ཕྱིར། འདི་དེར་ཐལ། དེ་ལྟར་དུ་རྒྱུད་འགྲེལ་གྱི་མཆན་བུར་གསུངས་པའི་ཕྱིར། འདི་རྟོགས་ན་ལོཙྪ་བ་ཤེས་རིན་པས། ཉོན་མོངས་ཅན་མིན་མ་རིག་ཡོད་པ་དང༌། །ཤེས་པར་གྱུར་པའི་ཤེས་སྒྲིབ་མེད་པར་འགལ། །ཞེས་སྨྲས་པའི་ལན་ལོན་པར་འགྱུར་རོ། །ཞེས་སོགས་གསུངས་པས་ཤེས་པར་གྱུར་པའི་ཤེས་སྒྲིབ་མི་བཞེད་པར་གསལ་ལོ།།

རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་དབུ་མའི་སྤྱི་དོན་ལེགས་བཤད་སྐལ་བཟང་མགུལ་རྒྱན་ལས།

ཁོ་ན་རེ། ཤེས་པར་གྱུར་པའི་ཤེས་སྒྲིབ་ཡོད་པར་ཐལ། མ་རིག་པར་གྱུར་པའི་ཤེས་སྒྲིབ་ཡོད་པའི་ཕྱིར་ན་མ་ཁྱབ། མ་གྲུབ་ན། དེར་ཐལ། ཊཱིཀ་ཆེན་ལས། སངས་མ་རྒྱས་པའི་འཕགས་པ་རྣམས་ཀྱིས་ནི་ཤེས་སྒྲིབ་ཀྱི་མ་རིག་པ་མ་སྤངས་པས་ཞེས་དང་། དེས་ན་ཤེས་སྒྲིབ་ཀྱི་མ་རིག་པ་གཅོད་པའི་ཕྱིར། ཞེས་པ་ནི་སྣང་བ་ཡོད་པའི་རྒྱུ་མཚན་མ་ཡིན་གྱི། མཉམ་རྗེས་སུ་སྣང་བ་ཡོད་མེད་རེས་འཇོག་ཏུ་འབྱུང་བའི་སྒྲུབ་བྱེད་དོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། ཤེས་པར་གྱུར་པའི་ཤེས་སྒྲིབ་ཡོད་པར་ཐལ། རང་འགྲེལ་ལས། དེ་ཡང་ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་གྱི་མ་རིག་པ་ཙམ་ཀུན་ཏུ་གཅོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་དོན་ནི། ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་གྱི་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ཙམ་ཀུན་ཏུ་གཅོད་པའི་ཕྱིར། ཞེས་པའི་དོན་དུ། ཊཱིཀ་ཆེན་ལས་བཤད་པའི་ཕྱིར། ཞེས་དང་།ཤེས་སྒྲིབ་ལ་ཀུན་བརྟགས་དང་ལྷན་སྐྱེས་གཉིས་སུ་འབྱེད་མི་རིགས་ཏེ། ཤེས་སྒྲིབ་ཀུན་བརྟགས་མེད་པའི་ཕྱིར་ཏེ། མཐོང་སྤང་ཤེས་སྒྲིབ་མེད་པའི་ཕྱིར། དེས་ན་ཤེས་པར་གྱུར་པའི་ཤེས་སྒྲིབ་མེད་དེ། བདེན་འཛིན་ཤེས་སྒྲིབ་མ་ཡིན་པའི་ཕྱིར། ཞེས་དང། ཁོ་ན་རེ། ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་མེད་པར་ཐལ། ཤེས་པར་གྱུར་པའི་ཤེས་སྒྲིབ་མེད་པའི་ཕྱིར་ན་མ་ཁྱབ། ཅེས་སོགས་ཤེས་པར་གྱུར་པའི་ཤེས་སྒྲིབ་མི་འཐད་པར་གསུངས་སོ།།

རྒྱལ་མཆོག་དགེ་འདུན་རྒྱ་མཚོས་མཛད་པའི་དྲང་ངེས་རྣམ་འབྱེད་ཀྱི་དཀའ་འགྲེལ་དགོངས་པ་རབ་གསལ་ལས།  ཉོན་མོངས་པའི་བག་ཆགས་ལ་ཉོན་སྒྲིབ་ཀྱི་ས་བོན་དུ་གྱུར་པའི་བག་ཆགས་༼ཤིག་༽ཅིག་དང་། རྐྱེན་དང་ཕྲད་ཀྱང་བདེན་འཛིན་མངོན་གྱུར་པ་སྐྱེ་མི་སྲིད་ཅིང་གཉིས་སྣང་འཁྲུལ་བ་ཙམ་སྐྱེད་པའི་ས་བོན་དུ་གྱུར་པའི་ཉོན་མོངས་པའི་བག་ཆགས་གཉིས་སུ་ཡོད་ལ། དང་བོ་ནི་ཉོན་སྒྲིབ་ཀྱི་ཆར་གཏོགས་པ་དང་། ཕྱི་མ་ཤེས་སྒྲིབ་ཏུ་འཇོག་པར་རིམ་ལྔ་གསལ་སྒྲོན་སོགས་རྗེའི་ཕྱི་རྩོམ་རྣམས་ནས་འབྱུང་བས་དེ་ལྟར་དུ་འདོད་པར་བྱ་ཞིང་། ཤེས་སྒྲིབ་ཀུན་བཏགས་མི་བཞེད་པས་ཤེས་སྒྲིབ་ལ་ལྷན་སྐྱེས་ཀྱིས་ཁྱབ་པ་དང་། ཤེས་སྒྲིབ་དང་ཤེས་པའི་གཞི་མཐུན་མེད་ཅིང་། ཞེས་སོགས་ལུགས་འདིས་ཤེས་སྒྲིབ་ལ་ཤེས་པ་མི་བཞེད་པར་གསལ་བར་གསུངས་སོ།།

པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་སྒྲ་བ་ཤེས་རབ་རིན་ཆེན་པའི་རྩོད་ལན་ལུང་རིགས་སེང་གེའི་ང་རོ་ལས། ཉོན་མོངས་ཅན་མིན་མ་རིག་ཡོད་པ་དང། །ཤེས་པར་གྱུར་པའི་ཤེས་སྒྲིབ་མེད་པ་འགལ། །ཞེས་པ་ལ། ཤེས་པ་གཅིག་གིས་བདེན་གཉིས་ཅིག་ཅར་རུ། །མངོན་སུམ་གཟིགས་པའི་སྒྲིབ་བྱེད་ཕྲ་བ་ལ། །མ་རིག་ཅེས་བཏགས་ཤེས་པ་དངོས་མིན་པས། །དེ་ལ་འགལ་བ་ཆ་ཙམ་ཡོད་མ་ཡིན། །ཞེས་ཤེསསྒྲིབ་ཀྱི་མ་རིག་པ་གསུངས་པ་བདེན་གཉིས་ཅིག་ཅར་དུ་མངོན་སུམ་དུ་གཟིགས་པའི་སྒྲིབ་བྱེད་ཕྲ་བ་ལ་ཤེས་སྒྲིབ་ཀྱི་མིང་གིས་བཏགས་པར་གསུངས་པས་ཤེས་སྒྲིབ་ལ་ཤེས་པ་མི་བཞེད་དོ།།

བྲ་ཏི་བློ་བཟང་དགེ་ལེགས་ཀྱིས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་བོའི་དགོངས་དོན་གསལ་བྱེད་མེ་ལོང་ལས། སྐབས་འདིའི་ཤེས་སྒྲིབ་འཇོག་ཚུལ་ཡང་རང་རྒྱུད་པ་མན་ཆད་དང་ཆེས་མི་འདྲ་བས་བག་ཆགས་ཀྱི་ཆ་ནས་འཇོག་དགོས་ལ། དེའི་ངོས་འཛིན་ཚུལ་ཡང་། འཇུག་འགྲེལ་ལས། དེ་ལ་མ་རིག་པའི་བག་ཆགས་ནི་ཤེས་བྱ་ཡོངས་སུ་གཅོད་པའི་གེགས་སུ་གྱུར་པ་ཡིན་ལ། ཞེས་པ་ནས། བག་ཆགས་ཏེ་བཞིར་འབྱེད་པར་མཛད་དོ། །ཞེས་པའི་བར་གསུངས་ནས་ལེགས་བཤད་སྙིང་བོ་ལས་གཉིས་སྣང་འཁྲུལ་བའི་ཆ་ཤེས་སྒྲིབ་ཏུ་བསྡུ་བར་གསུངས་པ་སོགས་དྲངས་པའི་མཇུག་དུ་ཤེས་སྒྲིབ་ལ་བྱེད་ལས་ཀྱི་སྒོ་ནས་གསུམ་དང་། ངོ་བོའི་རྣམ་གྲངས་ཀྱིས་བཞི་སོགས་ཕྱེ་ནས་ལུས་ངག་གི་གནས་ངན་ལེན་ཕྲ་མོ་བག་ཆགས་ཀྱི་ཆ་དེ་སངས་རྒྱས་ཁོ་ན་ལ་ལྡོག་པར་གསུངས་པ་ལས་སྒྲུབ་བྱེད་གཞན་མ་བཀོད་ཀྱང་། གོང་དེར་ཤེས་སྒྲིབ་བག་ཆགས་ཀྱི་ཆ་ནས་འཇོག་དགོས་པར་གསུངས་པ་སོགས་ལ་དཔག་ན་ཤེས་སྒྲིབ་ལ་ཤེས་པ་མི་བཞེད་དམ་སྙམ་མོ།།

ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད་པའི་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས།  ད་ནི་འདི་བཤད་པར་བྱ་སྟེ། འདི་བའི་ལུགས་ཀྱི་ཤེས་སྒྲིབ་ནི་ཉོན་མོངས་པའི་བག་ཆགས་ལ་བཞེད་ཅིང་དེ་ལ་ཡང་ཉོན་མོངས་ཀྱི་ས་བོན་ལ་བག་ཆགས་སུ་བཞག་པ་གཅིག་དང་ཉོན་མོངས་ཀྱི་ས་བོན་མིན་པའི་བག་ཆགས་གཉིས་ལས་ཤེས་སྒྲིབ་ཏུ་འཇོག་རྒྱུ་ནི་ཕྱི་མ་སྟེ། ཞེས་དང་། སྐྱབས་འགྲོ་བདུན་ཅུ་བ་ལས། མི་ཤེས་ཉོན་མོངས་མིན་སྤངས་ཕྱིར། །ཞེས་དང་། མ་རིག་ཉོན་མོངས་མིན་ཡོད་པས། །ཞེས་པ་དང་། འཇུག་འགྲེལ་ལས། ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་ཞེས་གསུངས་པ་ལ་བརྟེན་ནས་ཤེས་པར་གྱུར་པའི་ཤེས་སྒྲིབ་ཡོད་པ་འཐད་ཕྱོགས་སུ་པཎ་ཆེན་བསོད་ནམས་རྒྱལ་མཚན་དང་མཁས་གྲུབ་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེས་གསུངས་སོ། །དེ་ལྟ་ན་ཡང་ཤེས་སྒྲིབ་ཀྱི་མ་རིག་པའི་འབྲུ་གནོན་རྗེ་ཐམས་ཅད་མཁྱེན་པས་མཛད་པ་རྣམས་སུ་གཉིས་སྣང་འཁྲུལ་བའི་བག་ཆགས་ལ་འབྲུ་གནོན་མཛད་པ་མ་གཏོགས་ཤེས་པར་གྱུར་པའི་མ་རིག་པ་ལ་འབྲུ་གནོན་མཛད་པ་མི་སྣང་ངོ་། །མཁས་གྲུབ་ཐམས་ཅད་མཁྱེན་པ་དང་། རིགས་པའི་དབང་ཕྱུགས་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་པ་ཡབ་སྲས། མཁྱེན་རབ་གཏེར་ཆེན་འཇམ་དབྱངས་དགའ་བའི་བློ་གྲོས། རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། པཎ་ཆེན་བསོད་ནམས་གྲགས་པ་སོགས་མཁས་གྲུབ་ཕལ་མོ་ཆེས་ཤེས་པར་གྱུར་པའི་ཤེས་སྒྲིབ་མེད་པར་བཞེད་ཅིང་། རྗེ་བླ་མའི་བཤད་རྒྱུད་དང་སྒྲུབ་རྒྱུད་གཉིས་ཀའི་བསྟན་པའི་བདག་པོར་གྱུར་པ་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཀྱང་། ཤེས་པ་གཅིག་གིས་བདེན་གཉིས་གཅིག་ཅར་རུ། །མངོན་སུམ་གཟིགས་པའི་སྒྲིབ་བྱེད་ཕྲ་བ་ལ། །མ་རིག་ཅེས་བཏགས་ཤེས་པ་དངོས་མིན་པས། །དེ་ལ་འགལ་བ་ཆ་ཙམ་ཡོད་མ་ཡིན། །ཞེས་རྒྱུ་མཚན་དང་བཅས་ཏེ་གསུངས་པ་རྣམས་རྗེའི་གསུང་ཕལ་མོ་ཆེ་དང་མཐུན་ཚབ་ཆེ་བར་འདུག་པས་ད་དུང་བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཞིབ་དུ་དཔྱད་པར་བྱའོ། །ཞེས་དང། ཕྱིས་ཀྱི་རིགས་པ་སྨྲ་བ་པྲཉྫཱའི་མཚན་ཅན་གྱིས། ཤེས་སྒྲིབ་ཀུན་བཏགས་ཡོད་པ་དང་ཊིཀ་ཆེན་གྱི་གཉིས་སྣང་འཁྲུལ་བའི་ཆ་ཞེས་པའི་ཚིག་ཟུར་གྱི་འཁྲུལ་བ་ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་འཁྲུལ་ཤེས་ཡོད་པས་ཤེས་སྒྲིབ་དང་ཤེས་པའི་གཞི་མཐུན་ཡོད་པ་རྗེའི་དགོངས་པ་ཡིན་ཞིང་། སྟོང་ཐུན་ལས་ཤེས་སྒྲིབ་ཀུན་བཏགས་མེད་པར་བཤད་པ་བག་ཆགས་ཀྱི་ཤེས་སྒྲིབ་ཁོ་ན་ལ་དགོངས་སོ་ཞེས་སྨྲ་མོད་ཀྱང་འཐད་པར་མ་མཐོང་ངོ་། །ཞེས་སོགས་གསུངས་པས་ཤེས་པར་གྱུར་པའི་ཤེས་སྒྲིབ་མི་བཞེད་པའི་ཕྱོགས་སོ།།

རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་མཛད་པའི་དྲང་ངེས་འཇུག་ངོགས་ལས།

རྗེས་ཤེས་སྒྲིབ་ཀྱི་མ་རིག་པའི་འབྲུ་སྣོན་གཉིས་སྣང་འཁྲུལ་བའི་བག་ཆགས་ལ་མཛད་པ་ལས་ཤེས་པར་གྱུར་པའི་མ་རིག་པར་གསུངས་པ་མེད་པ་དང་།  ལྷག་མཐོང་ཆེན་མོ་ལས།  ཐེག་དམན་གྱི་དགྲ་བཅོམ་དང་ས་བརྒྱད་འཐོབ་པའི་བྱང་སེམས་ལ་གཉིས་སྣང་འཁྲུལ་བའི་བག་ཆགས་གསར་དུ་འཇོག་བྱེད་ཟད་པ་ཡིན་ཡང་།  ཞེས་དང་།  འཇུག་པའི་རྣམ་བཤད་ལས། ས་བདུན་པའི་བར་དུ་ནི་མ་རིག་པས་སློད་པ་ཡོད་ལ། ས་བརྒྱད་པ་ནས་དང་དགྲ་བཅོམ་པ་གཉིས་ལ་ནི་སློད་བྱེད་ཀྱི་མ་རིག་པ་ཟད་པས་དེས་བསླད་པ་མེད་ཀྱི། ཞེས་ཐེག་དམན་དགྲ་བཅོམ་དང་བྱང་སེམས་ས་བརྒྱད་པ་ལ་གཉིས་སྣང་འཁྲུལ་བའི་བག་ཆགས་གསར་དུ་འཇོག་བྱེད་ཟད་པར་གསུངས་ཤིང་། ཤེས་པར་གྱུར་པའི་ཤེས་སྒྲིབ་ཡོད་ན་དེ་དག་ལ་དེ་ཟད་དོན་མེད་དོ་སྙམ་དུ་དགོངས་ནས། མཁས་གྲུབ་ཐམས་ཅད་མཁྱེན་པ། འཇམ་དབྱངས་དགའ་བློ། རྒྱལ་བ་དགེ་འདུན་རྒྱ་མཚོ། སེ་ར་རྗེ་བཙུན་པ་ཡབ་སྲས། པཎ་ཆེན་བསོད་ནམས་གྲགས་པ། པཎ་ཆེན་བློ་བཟང་ཆོས་རྒྱན། རྗེ་རོལ་བའི་རྡོ་རྗེ་སོགས་མཁས་གྲུབ་མང་བོས་གསུངས་པ་ལྟར།  ལྷག་མཐོང་དཀའ་འགྲེལ་ལས། ཤེས་པར་གྱུར་པའི་ཤེས་སྒྲིབ་མེད་པར་བཤད་པ་རྗེའི་གསུང་ཟིན་དང་མཐུན་ནམ་སྙམ། ཞེས་གསུངས་པ་ལྟར་སྲས་ཀྱི་ཐུ་བོ་ཀུན་མཁྱེན་ཡོངས་འཛིན་པཎྚི་ཏ་ཆེན་པོས་ཀྱང་དེ་ལྟར་འདོམས་པར་མཛད་དོ། །ཞེས་དང། གོང་དུ་ཤེས་སྒྲིབ་ངོས་འཛིན་སྐབས་སུ་ཡང་དེ་ལ་ཤེས་པ་ཡོད་པར་མ་གསུངས་པས་ཤེས་སྒྲིབ་ལ་ཤེས་པ་མི་བཞེད་དོ།།

འཇམ་དབྱངས་དགའ་བའི་བློ་གྲོས་ཀྱིས་མཛད་པའི་དབུ་མ་འཇུག་པའི་བརྒལ་ལན་སྐལ་བཟང་རྣ་རྒྱན་ལས། ཡང་ཤེས་སྒྲིབ་མངོན་གྱུར་བའི་མཚན་གཞི་གཉིས་སྣང་འཁྲུལ་བ། ཞེས་པ་འདི་ལ་ཅུང་ཟད་དཔྱད་ན། གཟུགས་སོགས་བདེན་པར་སྣང་བའི་བདེན་སྣང་འདི་ཉིད་ལ་གཉིས་སྣང་༼འདིའི་ཁ་ཅིག་འགོག་ཚུལ་ལ་བལྟས་ན་འཁྲུལ་བར་འཇོག་གོ་ཡིན་ནམ་སྙམ་ཡང། ཐཱའི་ཝན་དཔར་མ་རུ་མ་འཇོག་གོ་ཞེས་བྲིས་འདུག༽འཁྲུལ་བར་མ་འཇོག་གོ་སྙམ་ན། དེ་འདྲ་བའི་བདེན་སྣང་ཆོས་ཅན། ཁྱོད་གཉིས་སྣང་འཁྲུལ་བ་མ་ཡིན་པར་ཐལ། སྤྱིར་འཁྲུལ་བ་མ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་གང་ཟག་མ་ཡིན་པ་གང་ཞིག  ཁྱོད་ཡིན་པའམ་ཁྱོད་ཀྱི་ནང་མཚན་(ནང་ཚན་ཡིན་ནམ་སྙམ།)དུ་གྱུར་པའི་ཤེས་པ་མི་སྲིད་པའི་ཕྱིར། རྟགས་ཕྱི་མ་མ་གྲུབ་སྟེ། ཤེས་སྒྲིབ་དང་ཤེས་པའི་གཞི་མཐུན་ཡོད་པའི་ཕྱིར་སྙམ་ན། རྒྱུད་བླ་མའི་དར་ཊཱིཀ་ཏུ་ཐོག་མར་དེ་འདྲ་གཅིག་བཀོད་འདུག་ཀྱང་། ཕྱིས་འདི་ནི་མི་ལེགས་པར་བཤད་དེ། ཤེས་བྱ་ཆོས་ཅན། བདེན་འཛིན་དང་ཤེས་སྒྲིབ་ཀྱི་གཞི་མཐུན་གྲུབ་པར་ཐལ། ཤེས་སྒྲིབ་དང་ཤེས་པའི་གཞི་མཐུན་ཡོད་པའི་ཕྱིར། འདོད་ན། དེ་འདྲ་མེད་པར་ཐལ། བདེན་འཛིན་ཡིན་ན་ཉོན་སྒྲིབ་ཡིན་དགོས་པའི་ཕྱིར་རོ།། དེས་ན་ཤེས་སྒྲིབ་ཀུན་བཏགས་ཀྱང་མེད་དེ། ཐེག་ཆེན་མཐོང་ལམ་གྱིས་དངོས་སུ་སྤངས་ནུས་པའི་ཤེས་སྒྲིབ་མེད་པའི་ཕྱིར། ཞེས་དམ་པ་འདིས་ཤེས་སྒྲིབ་ལ་ཤེས་པ་མི་བཞེད་པའི་ཕྱོགས་མཛད་དོ།། 

གཉིས་པ་ཤེས་པར་གྱུར་པའི་ཤེས་སྒྲིབ་བཞེད་པའི་ཕྱོགས་ནི།

ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པས་མཛད་པའི་དབུ་མ་འཇུག་པའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་ལས།

ཁ་ཅིག་ན་རེ། ཤེས་སྒྲིབ་དང་ཤེས་པའི་གཞི་མཐུན་མེད་ཟེར་ན། ཤེས་སྒྲིབ་ཏུ་གྱུར་པའི་མ་རིག་པ་མེད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་རྒྱུད་ལྡན་གྱི་དགྲ་བཅོམ་དང་བྱང་འཕགས་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རང་འགྲེལ་ལས། ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་གྱི་མ་རིག་པ་ཀུན་ཏུ་སྤྱོད་པ་ཞེས་པའི་དོན་ཡོད་པའི་ཕྱིར། འཁོར་གསུམ། གཞན་ཡང་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་མེད་པར་ཐལ། ཤེས་སྒྲིབ་ཏུ་གྱུར་པའི་མ་རིག་པ་མེད་པའི་ཕྱིར། དེར་ཐལ། དེ་དང་ཤེས་པའི་གཞི་མཐུན་མེད་པའི་ཕྱིར། རྟགས་ཁས། འདོད་ན། ཉན་རང་དགྲ་བཅོམ་རྣམས་ལ་དེ་སྤོང་བའི་ཕྱིར་དུ་སངས་རྒྱས་ཀྱིས་བསྐུལ་མི་རིགས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལྟར་བསྐུལ་ནས་དེ་སྤངས་ཚེ་འཇིག་རྟེན་གྱི་འདྲེན་པ་སངས་རྒྱས་སུ་འགྱུར་བའི་ཕྱིར་ཏེ། ཟླ་བའི་སྐྱབས་འགྲོ་བདུན་ཅུ་བ་ལས། མི་ཤེས་ཉོན་མོངས་མིན་སྤངས་ཕྱིར། །ཕྱིས་ནས་སངས་རྒྱས་ཀྱིས་བསྐུལ་ལས། །བྱང་ཆུབ་ཀྱི་ནི་ཚོགས་བསགས་ནས། །དེ་ཡང་འཇིག་རྟེན་འདྲེན་པར་འགྱུར། །ཞེས་གསུངས་པའི་ཕྱིར། ལང་གཤེགས་དང་ཡང་འགལ་བར་འགྱུར་རོ། །གཞན་ཡང་དེ་ཉིད་ལས། མ་རིག་ཉོན་མོངས་མིན་ཡོད་པས། །རྣམ་པ་ཀུན་མཁྱེན་སྤངས་པ་ཉིད། །ཅེས་གསུངས་པ་མི་འཐད་པར་ཐལ། ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་མེད་པའི་ཕྱིར། རྟགས་ཁས། མ་གྲུབ་ན། རྫས་སྤྱི་སོགས་བཞག་ནས་དེ་ཤེས་སྒྲིབ་ཡིན་པར་ཐལ། སྒྲིབ་པ་གང་ཞིག །ཉོན་སྒྲིབ་མ་ཡིན་པའི་ཕྱིར། དང་བོ་གྲུབ་སྟེ། ཆོས་ཅན་དེའི་ཕྱིར། བྱས་པ་ལ་ཁོ་ན་རེ། འོ་ན། དེ་འདྲའི་མ་རིག་པ་མ་རིག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ལས་འབྲས་ཀྱི་འབྲེལ་བ་ཤིན་ཏུ་ཕྲ་བ་ལ་རྨོངས་པའི་མ་རིག་པ་མ་རིག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། བདག་མེད་རྟོགས་པའི་རིག་པ་ཡེ་ཤེས་ཀྱི་འགལ་ཟླ་མི་མཐུན་ཕྱོགས་ཡིན་པར་ཐལ། མ་རིག་པ་ཡིན་པའི་ཕྱིར་ན་མ་ཁྱབ། ཁྱབ་པར་ཐལ། རྣམ་བཤད་ལས། ཉོན་མོངས་ཅན་གྱི་མ་རིག་པ་ནི་བདག་མེད་པའི་དེ་ཁོ་ན་ཉིད་རིག་པའི་མི་མཐུན་ཕྱོགས་དང༌། ནས། འགལ་ཟླ་མི་མཐུན་ཕྱོགས་གང་ཟག་དང༌། ཆོས་རང་བཞིན་གྱིས་གྲུབ་པར་སྒྲོ་འདོགས་པའོ། །ཞེས་གསུངས་པའི་ཕྱིར་ན་གཏན་ནས་མ་ཁྱབ་སྟེ། དེ་ཉོན་མོངས་ཅན་གྱི་མ་རིག་པའི་ངོས་འཛིན་ཐུན་མོང་མ་ཡིན་པ་ཙམ་བསྟན་པ་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། ལུགས་འདི་ལ་ཉོན་མོངས་ཀྱི་ངོས་འཛིན་མངོན་པ་གོང་འོག་ནས་བཤད་པ་དང་མི་མཐུན་པའི་ཐུན་མོང་མ་ཡིན་པ་གཅིག་ཡོད་པ་དེ་ཤེས་པ་གལ་ཆེ་བས་དེ་བཤད་ན། དངོས་པོ་བདེན་འཛིན་ལ་གང་ཟག་དང་ཆོས་བདེན་འཛིན་གཉིས་ཡོད་ལ། ཞེས་གསུངས་པའི་ཕྱིར།ཞེས་དང་། ཡང་དེ་ཉིད་ལས། ཤེས་སྒྲིབ་ལ་དབྱེ་ན་མངོན་གྱུར་བ་དང༌། ས་བོན་གཉིས། དེ་གང་དམིགས་རྣམ་འཛིན་པའི་སྒྲིབ་པ་དེ། ཤེས་སྒྲིབ་མངོན་གྱུར་བའི་མཚན་ཉིད། མཚན་གཞི་དགྲ་བཅོམ་པ་དང་དག་སའི་བྱང་སེམས་རྒྱུད་ཀྱི་མ་རིག་པ་དག་དང༌། བདེན་སྣང་གི་ཆ་ལྟ་བུ་མཚན་གཞི་དངོས་དང༌། དགྲ་བཅོམ་པས་ཀྱང་སྤང་དགོས་པའི་མ་དག་ས་བདུན་གྱི་ཀུན་རྨོངས་བཅུ་བཞི་ཤེས་སྒྲིབ་རྗེས་མཐུན་པར་བྱ། དམིགས་རྣམ་མི་འཛིན་པའི་ཤེས་སྒྲིབ་དེ། ཤེས་སྒྲིབ་ས་བོན་པའི་མཚན་ཉིད། མཚན་གཞི་དངོས་ནི། དུག་གསུམ་གྱི་ས་བོན་ལས་གཞན་པའི་དེའི་བག་ཆགས་རྣམས་དང༌། དེ་འདྲའི་ལུས་ངག་ཡིད་གསུམ་གྱི་བག་ཆགས་གནས་ངན་ལེན་ཕྲ་མོ་རྣམས་ཡིན། ཞེས་གསུངས་པའི་ཕྱིར་དང། ཡང་དེ་ཉིད་ལས། སངས་མ་རྒྱས་ཚུན་ཆད་དུ་ཡུལ་དེ་བཞིན་ཉིད་ཙམ་ལ་ཡང་མངོན་སུམ་དུ་སྙོམས་པར་ཞུགས་ནས་མ་ལངས་བར་དུ་ལྡང་སེམས་སྐྱེད་ཐུབ་པ་མི་སྲིད་པའི་ཕྱིར། དེར་ཐལ། དེའི་བར་དུ་བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པ་མ་སྤང་པའི་ཕྱིར་དང༌། ཞེས་དང། ཡང་དེ་ཉིད་ལས། ས་བཅུ་བ་མན་ཆད་དུ་གཉིས་སྣང་ནུབ་པའི་མཉམ་བཞག་ཡེ་ཤེས་དང་ཇི་སྙེད་པ་ལ་གཉིས་སྣང་དང་བཅས་པའི་རྗེས་ཐོབ་ཡེ་ཤེས་གཉིས་རེས་འཇོག་དགོས་ཀྱི་ངོ་བོ་གཅིག་པ་མ་ཐོབ་པའི་ཕྱིར། དེར་ཐལ། དེ་མན་ཆད་དུ་བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་ཤེས་སྒྲིབ་མ་སྤངས་པའི་ཕྱིར། སངས་རྒྱས་ཀྱི་སར་ཡེ་ཤེས་སྐད་གཅིག་མ་གཅིག་གིས་ཀྱང་ཆོས་ཐམས་ཅད་ཅིག་ཅར་མཁྱེན་ཏེ། དེ་ལྟར་མཁྱེན་པའི་བར་གཅོད་ཤེས་སྒྲིབ་སྤངས་པའི་ཕྱིར། དེས་ན་མཉམ་རྗེས་ཀྱི་ཡེ་ཤེས་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་ཏེ། ཡེ་ཤེས་སྐད་ཅིག་མ་གཅིག་ཡིན་ཀྱང་ཡུལ་ཇི་སྙེད་པ་དང་ཇི་ལྟ་བ་ལ་མཁྱེན་ཚུལ་ཐ་དད་པ་གཉིས་འོངས་པ་སངས་རྒྱས་ཁོ་ནའི་ཡོན་ཏན་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར།

གཞན་ཡང་། དེ་ཉིད་ཀྱིས་མཛད་པའི་གྲུབ་མཐའི་རྣམ་བཤད་ཀུན་བཟང་ཞིང་གི་ཉི་མ་ལས། བཅུ་བ་ནི། བག་ཆགས་ཤེས་སྒྲིབ་ཉོན་མིན་མ་རིགའང་བཞེད། །ཉོན་མོངས་མ་ཟད་ཤེས་སྒྲིབ་སྤོང་མི་རྩོམ། །ཞེས་སྨྲས་ཏེ། འདི་བའི་སྒྲིབ་གཉིས་སྤངས་ཚུལ་ཐུན་མོང་མིན་པ་ཡིན་ཏེ། འཇུག་འགྲེལ་ལས། དེ་ལ་མ་རིག་པའི་བག་ཆགས་ནི་ཤེས་བྱ་ཡོངས་སུ་གཅོད་པའི་གེགས་སུ་གྱུར་པ་ཡིན་ལ། ཞེས་སོགས་ཀྱིས་དུག་གསུམ་གྱི་བག་ཆགས་ཤེས་སྒྲིབ་དང༌། འཇུག་འགྲེལ་ལས། ཉོན་མོངས་དག་ནི་མ་རིག་པ་དང༌། འདོད་ལ་སོགས་པ་སྟེ། ཞེས་པས་དུག་གསུམ་ཉོན་མོངས་སུ་བཤད་ཀྱང་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་དང་ཤེས་སྒྲིབ་ཏུ་གྱུར་པའི་མ་རིག་པ་ཡོད་དེ། འཇུག་འགྲེལ་ལས། ཉོན་མོངས་པ་ཅན་མིན་པའི་མ་རིག་པ་ཀུན་ཏུ་སྤྱོད་པའི་ཕྱིར། ཞེས་དང༌། སྐྱབས་འགྲོ་བདུན་ཅུ་བ་ལས། མི་ཤེས་ཉོན་མོངས་མིན་སྤངས་ཕྱིར། །ཕྱིས་ནས་སངས་རྒྱས་ཀྱིས་བསྐུལ་བས། །ཞེས་དང༌། མ་རིག་ཉོན་མོངས་མིན་ཡོད་པས། །རྣམ་པ་ཀུན་མཁྱེན་སྤངས་པ་ཉིད། །ཅེས་གསུངས་པའི་ཕྱིར། ཤེས་སྒྲིབ་ལ་ཤེས་པ་ཡིན་མིན་གཉིས་ཡོད་ལ། ཤེས་སྒྲིབ་དང་ཐོགས་སྒྲིབ་དོན་གཅིག  ཅེས་དང། ཡང་དེ་ཉིད་ལས། སྟོབས་བཅུའི་གནས་དང་གནས་མིན་མཁྱེན་པ་ནས་ཐམས་ཅད་དུའམ་ཀུན་ཏུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་བོ་དྲུག་གིས་ཉོན་མོངས་ཅན་མིན་པའི་མི་ཤེས་པ་ཤེས་སྒྲིབ་གོ་ཆ་ལྟ་བུ་འབིགས་པར་བྱེད་པའི་རྡོ་རྗེ་ལྟ་བུ་དང༌། ཞེས་པ་ནས།རྒྱུད་བླ་མ་ལས། སྟོབས་སོགས་རྣམས་ལས་སྟོབས་དྲུག་དང༌། །གསུམ་དང་གཅིག་གིས་རིམ་པ་བཞིན། །ཤེས་བྱ་སྙོམས་པར་འཇུག་པ་དང༌། །བག་ཆགས་བཅས་པ་ཀུན་བསལ་བས། །གོ་ཆ་རྩིག་པ་ཤིང་བཞིན་དུ། །ཕུག་དང་གཞིག་དང་བཅད་ཕྱིར་རོ། །ཞེས་སོ། །ཞེས་དང། ཤེས་སྒྲིབ་ཟད་ཀྱང་ཤེས་བྱ་ཐམས་ཅད་མི་མཁྱེན་ན་ཤེས་སྒྲིབ་ཁས་བླངས་ནས་ཅི། བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་སྒྲིབ་པ་མེད་ན་སེམས་ཅན་ཐམས་ཅད་ལ་བདེན་གཉིས་ཅིག་ཅར་དུ་མངོན་དུ་འགྱུར་ལ། ཡོད་ན་དེ་ཟད་པར་སྤངས་ཡང་བདེན་གཉིས་ངོ་བོ་ཅིག་ཅར་མི་མཁྱེན་པ་ཡང་སྤངས་གཉེན་ལ་སྒྲ་སྤྱི་ལས་མི་ཤེས་པའི་སྣོད་སྟོང་བར་ལག་པ་བརྡབ་པའི་སྒྲ་ཡིན་ནོ། །ཞེས་སོགས་ཤེས་པར་གྱུར་པའི་ཤེས་སྒྲིབ་ཡོད་པར་ལུང་རིགས་གཉིས་ཀྱིས་བསྒྲུབས་སོ།།  དེ་བཞིན་དུ་ཀུན་མཁྱེན་བླ་མའི་ལམ་རིམ་མཆན་ལས་ཀྱང་། གཉིས་པ་ཤེས་སྒྲིབ་ལ་མ་རིག་པ་ཡོད་༼ཇ༽ཚུལ་ནི། ཀུན་རྫོབ་ཙམ་དུ་སྣང་བ་དེ་ཡང་ཉོན་མོངས་སྤངས་ཀྱང་ཤེས་བྱའི་སྒྲིབ་པའི་མཚན་ཉིད་དེ་རང་བཞིན་ཅན་གྱི་མ་རིག་པ་ཙམ་ཞིག་མ་སྤངས་པས་ཤེས་སྒྲིབ་ཀྱི་མ་རིག་པ་དེ་ལ་གནས་ཤིང་ཀུན་ཏུ་སྤྱོད་པའི་ཕྱིར་ན། ཤེས་སྒྲིབ་ཀྱི་མ་རིག་པ་དེས་བསླད་པའི་གཉིས་སུ་སྣང་བ་དང་བཅས་པའི་གཟུགས་སོགས་ཀྱི་བདེན་སྣང་གི་སྤྱོད་ཡུལ་ཅན་གྱི་འཕགས་པ་རྗེས་ཐོབ་པ་རྣམས་ལ་དེ་ལྟར་སྣང་གིདེ་ལྟ་བུའི་སྣང་བ་མེད་པའི་སྟོང་ཉིད་དེ་ཁོ་ནའི་སྤྱོད་ཡུལ་ཅན་མངའ་བ་མཉམ་བཞག་པ་རྣམས་ལ་ནི་གཟུགས་སོགས་དེ་དག་བརྫུན་པ་ཙམ་དུ་ཡང་སྣང་བ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །ཞེས་ཤིན་ཏུ་གསལ་བར་གསུངས་སོ།།

མཁས་གྲུབ་དགེ་འདུན་བསྟན་པ་དར་རྒྱས་ཀྱིས་མཛད་པའི་དབུ་མའི་སྤྱི་དོན་བློ་གསལ་སྒྲོན་མེ་ལས། དེ་གཉིས་ཀྱི་ནང་ནས་གཙོ་བོར་ཐམས་ཅད་མཁྱེན་པ་འཐོབ་པ་ལ་གེགས་བྱེད་པའི་སྒྲིབ་པའི་རིགས་སུ་གནས་པ། ཤེས་སྒྲིབ་ཀྱི་མཚན་ཉིད། དེ་ལ་དབྱེ་ན། མངོན་གྱུར་བ་དང༌། ས་བོན་གྱི་ཆ་གཉིས། དང་བོ་ནི། འཇུག་ཤེས་དྲུག་ལ་ཡུལ་རང་ངོས་ནས་གྲུབ་པར་སྣང་བའི་གཉིས་སྣང་འཁྲུལ་བའི་ཆ་ལྟ་བུ་ཡིན། གཉིས་པ་དེ་སྐྱེད་པའི་ནུས་པའི་ངོ་བོར་གྱུར་པའི་བག་ཆགས་ལྟ་བུ་ཡིན་པའི་ཕྱིར། རྣམ་པ་གཅིག་ཏུ་ན། རྒྱུ་འབྲས་ཀྱི་རབ་དབྱེ་མཐའ་ཡས་པ་ལ་རང་སྟོབས་ཀྱིས་རྨོངས་པའི་སེམས་བྱུང་རྨོངས་པ་ལྟ་བུ་མངོན་གྱུར་བ་དང༌། དེ་སྐྱེད་པའི་ནུས་པའི་ངོ་བོར་གྱུར་པའི་བག་ཆགས་ལྟ་བུ་ས་བོན་གྱི་ཆ་ཡིན་པའི་ཕྱིར། དེ་ལྟ་བུའི་རྨོངས་པ་དེ་ལ་ཡང་དུ་མ་ཡོད་དེ། ཡུལ་ཤིན་ཏུ་བསྐལ་བ་ལ་རྨོངས་པ་དང༌། ཡུལ་མཆོག་ཏུ་གྱུར་པ་ལ་རྨོངས་པ་དང༌། རྒྱུ་འབྲས་ཀྱི་རབ་དབྱེ་མཐའ་ཡས་པ་ལ་རྨོངས་པ་དང༌། ཡུལ་ཤིན་ཏུ་ཕྲ་བ་ལ་རྨོངས་པ་དང་བཞི་ལས། ཞེས་དང་། ཡང་དེ་ཉིད་ལས། ཁོ་ན་རེ། ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ཡིན་ན་ཤེས་པ་ཡིན་དགོས་པར་ཐལ། ཤེས་སྒྲིབ་དང་ཤེས་པའི་གཞི་མཐུན་ཡོད་པའི་ཕྱིར་ཟེར་ན། འདིར་མ་ཁྱབ། འདོད་ན། ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་བདེན་འཛིན་གྱི་བག་ཆགས་ཕྲ་མོ་ཆོས་ཅན། ཤེས་པ་ཡིན་པར་ཐལ། ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ཡིན་པའི་ཕྱིར། དེར་ཐལ། ཤེས་སྒྲིབ་ཕྲ་མོ་ཡིན་པའི་ཕྱིར། འདོད་ན། མི་རིགས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཞེས་དང་། ཡང་དེ་ཉིད་ལས། སངས་རྒྱས་འཕགས་པ་ལ་མཉམ་རྗེས་རེས་འཇོག་མི་འབྱུང་བའི་རྒྱུ་མཚན་ཡོད་དེ། དེས་ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་གྱི་མ་རིག་པ་སྤངས་པའི་མཁྱེན་པ་སྐད་ཅིག་གཅིག་ཉིད་ཀྱིས་ཆོས་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་མངོན་པར་བྱང་ཆུབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར་དང་།

ཡང་དེ་ཉིད་ཀྱིས་མཛད་པའི་དབུ་མའི་མཐའ་དཔྱོད་རིགས་པའི་རྒྱ་མཚོ་ལས། ཁ་ཅིག ལུགས་འདིར་ཤེས་སྒྲིབ་དང་ཤེས་པའི་གཞི་མཐུན་མེད་ཟེར་ན། ལས་འབྲས་ཀྱི་འབྲེལ་བ་ཕྲ་ཞིང་ཕྲ་བ་ལ་རང་སྟོབས་ཀྱིས་རྨོངས་པའི་རྨོངས་པ་ཞིག་ཡོད་དམ་མེད། གལ་ཏེ་ཡོད་དོ་ཟེར་ན། དེ་ཆོས་ཅན། ཤེས་པ་ཡིན་པར་ཐལ། ལས་འབྲས་ཀྱི་འབྲེེལ་བ་ཕྲ་མོ་ལ་རྨོངས་པའི་རྨོངས་པ་ཡིན་པའི་ཕྱིར། དེ་དེར་ཐལ། དེ་ཡོད་པའི་ཕྱིར། མེད་ཟེར་ན། འོ་ན། ཡུལ་ཤིན་ཏུ་ཕྲ་བ་དང༌། ཡུལ་ཤིན་ཏུ་བསྐལ་བ་དང༌། རྣམ་པའི་རབ་དབྱེ་མཐའ་ཡས་པ་དང༌། ཡུལ་མཆོག་ཏུ་གྱུར་པ་རྣམས་ལ་རང་སྟོབས་ཀྱིས་རྨོངས་པའི་རྨོངས་པ་མེད་པར་ཐལ། དམ་བཅའ་ཕྱི་མ་འཐད་པའི་ཕྱིར། འདོད་ན། དེ་རྣམས་ལ་རང་སྟོབས་ཀྱིས་མི་ཤེས་པ་ཡང་མེད་པར་ཐལ། འདོད་པ་དེའི་ཕྱིར། འདོད་མི་རིགས་ཏེ། མདོ་ལས། རྨ་བྱའི་མདོངས་ཁྲ་ལ་སོགས་པ། །རྒྱུ་ཡི་རྣམ་པ་ཇི་སྙེད་པ། །ཀུན་མཁྱེན་མིན་པའི་རྟོགས་བྱ་མིན། ། ཞེས་གསུངས་པའི་ཕྱིར། ཞེས་དང་། གཞན་ཡང་། རང་ལུགས་དང་རྩོད་སྤོང་སྐབས་སུ་མཐོང་སྤང་ལ་ཤེས་སྒྲིབ་ཡོད་པར་གསུངས་པ་སོགས་ཀྱིས་ཤེས་སྒྲིབ་ལ་ཤེས་པ་བཞེད་པར་གསལ།

ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི་ཟབ་དོན་དབུ་མའི་རྣམ་བཤད་དགོངས་འགྲེལ་རབ་གསལ་སྒྲོན་མེ་ལས། བཞི་བ་ཤེས་སྒྲིབ་དང་ཤེས་པའི་གཞི་མཐུན་ཡོད་མེད་ལ། ཁ་ཅིག་ན་རེ། དེ་མེད་ཟེར་ན། དེ་ཡོད་པར་ཐལ། བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་དྲི་མ་དང་། ལས་འབྲས་ཀྱི་འབྲེལ་བ་ལ་རྨོངས་པའི་མ་རིག་པ་གཉིས་རེ་རེ་ནི། དེ་འདྲའི་གཞི་མཐུན་ཡིན་པའི་ཕྱིར་ཏེ། དེ་གཉིས་ཤེས་སྒྲིབ་ཡིན་པའི་ཕྱིར་ཏེ། དེ་གཉིས་སྤོང་བྱེད་ཀྱི་བར་ཆད་མེད་ལམ་ཡིན་ན་དག་སའི་ཡེ་ཤེས་ཡིན་དགོས་པའི་ཕྱིར། གཞན་ཡང་། དེ་ཡོད་པར་ཐལ། ཤེས་སྒྲིབ་ཏུ་གྱུར་པའི་མ་རིག་པ་ཡོད་པའི་ཕྱིར་ཏེ། རང་འགྲེལ་ལས། ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་གྱི་མ་རིག་པ་ཙམ་ཀུན་ཏུ་སྤྱོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཞེས་དང། ཡང་དེ་ཉིད་ལས། གཞན་ཡང་། རྣམ་བཤད་ལས། དེའི་འབྲས་བུ་གཉིས་སྣང་འཁྲུལ་བའི་ཆ་ཐམས་ཅད་་ཀྱང་དེར་བསྡུའོ། །ཞེས་པའི་ལུང་དོན་མ་གྲུབ་པར་ཐལ། རང་རྒྱུ་བདེན་འཛིན་གྱི་བག་ཆགས་ཀྱི་འབྲས་བུར་གྱུར་ཅིང་།རང་ཡུལ་བདེན་གྲུབ་ཏུ་སྣང་བའི་གཉིས་སྣང་འཁྲུལ་བའི་ཆར་གྱུར་པའི་སེམས་སེམས་བྱུང་རྣམས་ཤེས་སྒྲིབ་ཏུ་བསྡུ་བ་མ་ཡིན་པའི་ཕྱིར་ཏེ། དེ་རྣམས་ཤེས་སྒྲིབ་མ་ཡིན་པའི་ཕྱིར་ཏེ། ཤེས་སྒྲིབ་དང་ཤེས་པའི་གཞི་མཐུན་མེད་པའི་ཕྱིར་རོ།། གཞན་ཡང། གཉིས་སྣང་འཁྲུལ་བའི་ཆ་ཤས་སྨོས་པ་ལ་དགོས་པ་མེད་པར་ཐལ། དེར་གྱུར་པའི་གང་ཟག་ཀྱང་མེད། ཤེས་པ་ཡང་མེད་པའི་ཕྱིར་རོ།། གཞན་ཡང་། ཤེས་སྒྲིབ་ལ་མངོན་གྱུར་བ་དང་ས་བོན་གཉིས་ཀྱི་དབྱེ་བ་མི་འཐད་པར་ཐལ།ཤེས་སྒྲིབ་མངོན་གྱུར་བ་ཤེས་སྒྲིབ་མ་ཡིན་པའི་ཕྱིར་ཏེ། དེ་དང་ཤེས་པའི་གཞི་མཐུན་མེད་པའི་ཕྱིར་རོ། །ཞེས་དང། ཡང་དེ་ཉིད་ལས། རང་འགྲེལ་ལས། དེ་ལ་མ་རིག་པའི་བག་ཆགས་ནི་ཤེས་བྱ་ཡོངས་སུ་གཅོད་པའི་གེགས་སུ་གྱུར་པ་ཡིན་ལ། ཞེས་སོགས་ཀྱི་གཞུང་འདིས་ཤེས་སྒྲིབ་ཏུ་གྱུར་པའི་མ་རིག་པ་ཤུགས་ལ་བསྟན་པར་གསུངས་པ་སོགས་ཀྱིས་ཤེས་སྒྲིབ་ཏུ་གྱུར་པའི་ཤེས་པ་བཞེད་པར་ཤིན་ཏུ་གསལ།

ཀུན་མཁྱེན་འཇིགས་མེད་དབང་བོས་མཛད་པའི་དབུ་མ་ལ་འཇུག་པའི་མཐའ་དཔྱོད་ལུང་རིགས་སྒྲོན་མེ་ལས། ཡང་ཁ་ཅིག་ན་རེ། ཤེས་སྒྲིབ་དང་ཤེས་པའི་གཞི་མཐུན་མེད་ཟེར་ན། འོ་ན། ཤེས་སྒྲིབ་ཏུ་གྱུར་པའི་མ་རིག་པ་མེད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། རང་འགྲེལ་ལས། ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་གྱི་མ་རིག་པ་ཀུན་ཏུ་སྤྱོད་པ་ཞེས་པའི་དོན་ཡོད་པའི་ཕྱིར། གཞན་ཡང༌། ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་མེད་པར་ཐལ། ཤེས་སྒྲིབ་ཏུ་གྱུར་པའི་མ་རིག་པ་མེད་པའི་ཕྱིར། དེར་ཐལ། དེ་དང་ཤེས་པའི་གཞི་མཐུན་མེད་པའི་ཕྱིར། རྟགས་ཁས། ཞེས་དང་། ཡང་དེ་ཉིད་ལས།བྱས་པ་ལ་ཁོ་ན་རེ། དེ་འདྲའི་མ་རིག་པ་མ་རིག་པ་ཡིན་པར་ཐལ། ཞེས་པ་ནས།གཏན་ནས་མ་ཁྱབ་སྟེ། དེ་ཉོན་མོངས་ཅན་གྱི་མ་རིག་པའི་ངོས་འཛིན་ཐུན་མོང་མ་ཡིན་པ་ཙམ་བསྟན་པ་ཡིན་པའི་ཕྱིར། ཞེས་སོགས་གསུངས་ཤིང། ཤེས་སྒྲིབ་ཀྱི་མཚན་ཉིད་འཆད་པའི་སྐབས་སུ་ཡང་། དེ་ལ་དབྱེ་ན། མངོན་གྱུར་བ་དང༌། ས་བོན་ཀྱི་ཆ་གཉིས་ཡོད། ཤེས་སྒྲིབ་གང་ཞིག དམིགས་རྣམ་འཛིན་པའི་བློ་དེ། ཤེས་སྒྲིབ་མངོན་གྱུར་བའི་མཚན་ཉིད། མཚན་གཞི་ནི། དགྲ་བཅོམ་པ་དང༌། དག་ས་བའི་རྒྱུད་ཀྱི་མ་རིག་པ་དང༌། བདེན་སྣང་གི་ཆ་ལྟ་བུ། ཤེས་སྒྲིབ་གང་ཞིག དམིགས་རྣམ་མི་འཛིན་པ་དེ། ཤེས་སྒྲིབ་ས་བོན་པའི་མཚན་ཉིད། མཚན་གཞི་ནི། དུག་གསུམ་གྱི་ས་བོན་ལས་གཞན་པའི་དེའི་བག་ཆགས་ལྟ་བུ།ཞེས་གསུངས་ལ།དེ་ཉིད་ཀྱིས་མཛད་པའི་གྲུབ་མཐའ་རིན་ཆེན་འཕྲེང་བ་ལས་ཀྱང་། ཐལ་འགྱུར་བའི་ལུགས་ཀྱི་ཤེས་སྒྲིབ་ངོས་འཛིན་སྐབས།བདེན་འཛིན་གྱི་བག་ཆགས་དང་། དེའི་དབང་གིས་བྱུང་བའི་གཉིས་སྣང་འཁྲུལ་བའི་ཆ་དང་། བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་དྲི་མ་རྣམས་ཤེས་སྒྲིབ་ཏུ་འདོད་དོ། །ཞེས་སོགས་གསུངས་པས་ཤེས་པར་གྱུར་པའི་ཤེས་སྒྲིབ་བཞེད་དོ།།

བསེ་ཁྲི་ཆེན་པས་མཛད་པའི་དབུ་མའི་ཟིན་བྲིས་ལས། བྱེ་སྨྲ་མ་གཏོགས་མདོ་སྡེ་བ་ཡན་ཆད་ཀྱི་ལུགས་ལ་བློ་ཕྱིན་ཅི་ལོག་ཀུན་དང་མཚུངས་ལྡན་གྱི་མ་རིག་པ་རེ་ཡོད་དོ།། དབང་ཤེས་ལ་ཡུལ་རང་མཚན་གྱིས་གྲུབ་པར་སྣང་བའི་ཆ་དེ་ཤེས་སྒྲིབ་ཏུ་གྱུར་པའི་མ་རིག་པར་བཞག་པས་ན་བར་ཆད་མེད་ལམ་ལ་ཀུན་རྫོབ་མ་ཤར་བའི་ཆ་དེ་ཡང་། བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་མ་རིག་པར་བྱེད་དགོས་པ་ལ་ཁྱད་པར་མེད་ཀྱང། བར་ཆད་མེད་ལམ་ལ་ཀུན་རྫོབ་མ་ཤར་བ་སྤང་བྱ་ཡིན་ཟེར་བ་དཀའ་འོ། །ཞེས་གསུངས་སོ། །འདིས་ཤེས་སྒྲིབ་ལ་མ་རིག་པ་ཡོད་པར་བསྟན་འདུག་སྙམ་སྟེ། སྒྲུབ་བྱེད་འོག་ཏུ་རང་ལུགས་སྐབས་སུ་ཅུང་ཙམ་བཀོད་ཡོད།

ཞྭ་དམར་པཎྜི་ཏས་མཛད་པའི་ལམ་རིམ་དགེ་ལེགས་འོད་སྣང་འགྱེད་པའི་ཉིན་བྱེད་ལས། ས་བརྒྱད་པ་ནས་ཆོས་སྟོན་པ་སོགས་ཀྱི་ཀུན་སློང་གི་རྩོལ་བ་རགས་པ་ཉེ་བར་ཞི་བས་ངམ་ངམ་ཤུགས་ཀྱིས་གཞན་དོན་འབྱུང་བར་གསུངས་ཀྱང༌། དེ་དུས་ལུས་ངག་གི་ལས་ཀུན་ནས་སློང་བའི་རྟོག་པ་ཕྲ་མོ་མ་སྤངས། ཞེས་དང་། ཡང་དེ་ཉིད་ལས། གཞན་དོན་ལྷུན་གྲུབ་ཏུ་འཇུག་པའི་འགལ་རྐྱེན་ཕྲ་བ་ནི། ཤེས་སྒྲིབ་ཕྱོགས་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་ཟག་པ་མེད་པའི་ལས་ཞེས་པ་ལུས་ངག་གི་ལས་འདུ་བྱེད་པའི་ཀུན་སློང་གི་རྟོག་པ་ཕྲ་མོ་དེ་ཡིན་པར་བཤད་ལ། དེ་ཉིད་ནམ་སྤངས་པ་ན་གཞན་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ཡིན། གཞུང་ཆེན་མང་བོར་གཞན་དོན་ལྷུན་གྲུབ་སྐབས་རྟོག་པ་མེད་པ་ཞེས་ཡང་ཡང་གསུངས་པ་ནི་དོན་འདི་ལ་དགོངས་པར་སྣང༌། ཞེས་གསུངས་སོ། །རྗེ་འདི་ཉིད་ཀྱིས་མཛད་པའི་ལྷག་མཐོང་དཀའ་འགྲེལ་ལས་འདི་དང་ཅུང་མི་འདྲ་བ་གསུངས་པར་དོགས་སློང་མཚོན་ཙམ་ཞིག་འོག་ཏུ་རང་ལུགས་སྐབས་སུ་འཆད་པར་འགྱུར་རོ།།

གཉལ་སྟོན་གྱི་དྲང་ངེས་དཀའ་འགྲེལ་ལས། གཉིས་པ་ཤེས་སྒྲིབ་ངོས་གཟུང་བ་ལ། དངོས་ཀྱི་དོན་དང་། ཞལ་བྱུང་སྤངས་པའི་ཁྱད་པར། དེས་གྲུབ་པའི་དོན་ནོ།། དང་བོ་ནི། དེ་ལྟ་ན་ཤེས་སྒྲིབ་གང་ལ་བྱེད་སྙམ་ན་ཞེས་སོགས་ཀྱིས་སྟོན། དོན་ནི། མ་རིག་པའི་བགས་ཆགས་དེ་ཤེས་སྒྲིབ་ཡིན་ཏེ། དེ་ཆོས་ཉིད་ལ་མཉམ་པར་བཞག་བཞིན་པའི་ངང་ནས་ཤེས་བྱ་ཇི་སྙེད་པ་མཐའ་དག་མངོན་སུམ་དུ་མཐོང་བ་ལ་གེགས་བྱེད་ཡིན་པའི་ཕྱིར། དེ་བཞིན་དུ་འདོད་ཆགས་ཀྱི་བག་ཆགས་དང་། ཞེ་སྡང་གི་བག་ཆགས་ཀྱང་ཤེས་སྒྲིབ་ཡིན་ཏེ། དེ་སྒྲིབ་གཉིས་གང་རུང་གང་ཞིག  ཉོན་སྒྲིབ་མ་ཡིན་པའི་ཕྱིར་ཏེ། དེ་ཉན་ཐོས་དགྲ་བཅོམ་ལ་ཡོད་པའི་ཕྱིར་ཏེ། ཉན་ཐོས་དགྲ་བཅོམ་ལ་འདོད་ཆགས་ཀྱི་བག་ཆགས་ལས་བྱུང་བའི་ལུས་ཀྱི་གནས་ངན་ལེན་སྤྲེའུ་ལྟར་མཆོང་བ་དང་། ཞེ་སྡང་གི་བག་ཆགས་ལས་བྱུང་བའི་གནས་ངན་ལེན། གཞན་ལ་རྨངས་མོ་ཞེས་པའི་ངག་སྨྲ་བ་ཡོད་པའི་ཕྱིར། དེས་ན་ཉོན་མོངས་ཀྱི་བག་ཆགས་དང་དེའི་འབྲས་བུ་གཉིས་སྣང་འཁྲུལ་བ་དང་། གཉིས་སྣང་འཁྲུལ་བའི་བག་ཆགས་དང། བདེན་སྣང་དང་། བདེན་སྣང་གི་ཤེས་པ་རྣམས་ཤེས་སྒྲིབ་ཡིན་ཏེ། དེ་རྣམ་མཁྱེན་དང་སངས་རྒྱས་ལ་མེད་ཅིང་ཉན་རང་དགྲ་བཅོམ་ལ་ཡོད་པའི་སྒྲིབ་པ་ཡིན་པའི་ཕྱིར། ལེགས་པར་བཤད་དོ། །ཞེས་ཤེས་པར་གྱུར་པའི་ཤེས་སྒྲིབ་ཀྱི་མཚན་གཞི་དང་བཅས་པ་གསལ་བར་གསུངས་སོ།།

རྗེ་གུང་ཐང་བློ་གྲོས་རྒྱ་མཚོས་མཛད་པའི་དབུ་མ་ཟབ་དོན་ལྟ་བའི་མིག་འབྱེད་ལས།

ལས་འབྲས་གྱི་འབྲེལ་བ་ཤིན་ཏུ་ཕྲ་བ་ལ་རྨོངས་པའི་མ་རིག་པ་ཤེས་པ་མ་ཡིན་པར་ཐལ།  དེ་ཤེས་སྒྲིབ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། མོའུ་འགལ་གྱི་བུས། རང་གི་མ་དམྱལ་བར་སྐྱེས་པ་མ་ཤེས་པའི་མ་རིག་པ་དེ།  མ་རིག་པ་དང་ཤེས་སྒྲིབ་གཉིས་ཀ་ཡིན་པའི་ཕྱིར། དང་བོ་གྲུབ་སྟེ། །ཚད་མ་མདོའི་དར་ཊཱིཀ་ལས། ཡུལ་དེ་དང་དེ་མིན་མཐའ་གཅིག་ཏུ་གནས་དོན་རྟོགས་ཤིང་འཛིན་པས་སྟོང་བའི་ཤེས་པ་མ་རྟོགས་པའི་བློ་ཡིན་ལ། དབྱེ་ན་གསུམ་ཡོད་དེ། ཚིག་ཙམ་ཐོས་ཀྱང་དེའི་དོན་ལ་བློ་ཁ་མ་ཕྱོགས་པ་མ་ཞུགས་པ་དང༌།  ཞུགས་ཀྱང་དཔྱད་པ་མ་རྫོགས་པ་དང༌།  རྫོགས་ཀྱང་གནས་དོན་མ་རྙེད་པ་རྣམས་སུ་ཡོད་པའི་ཕྱིར། ཞེས་པའི་གསུམ་པ་བསམ་ངོར་དཔྱད་པ་རྫོགས་ཀྱང༌། གནས་དོན་མ་རྙེད་པའི་རྨོངས་པ་ཡིན་པའི་ཕྱིར་ཏེ། དེའི་གསུམ་པ་དགྲ་བཅོམ་པ་ལ་ཡང་ཡོད་པའི་ཕྱིར། རྟགས་གྲུབ་སྟེ། མདོ་ལས། རྨ་བྱའི་མདོངས་ནི་གཅིག་པུ་ཡི། །ནས།ཀུན་མཁྱེན་མིན་པས་ཤེས་བྱ་མིན། །ཞེས་སོགས་ལྟར་མཛད་ཀྱི་མི་ཤེས་པ་བཞི་རྒྱུད་ལྡན་གྱི་དེ་ཡོད་པའི་ཕྱིར་དང༌། སྟོང་ཐུན་ལས། སེམས་ཀྱི་གནས་ངན་ལེན་ནི། ཞེས་པ་ནས། ཡུན་རིང་དུ་བལྟས་ཀྱང་མ་རྟོགས་པར་གསུངས་པ་ལྟ་བུ་སྟེ། དེ་ནི་ཤེས་བྱ་ཡོངས་སུ་གཅོད་པའི་གེགས་སུ་འདུ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། བག་ཆགས་མ་རིག་པར་བཤད་པར་འདོད་པ་མི་འཐད་པར་ཐལ། དེ་ལ་གཉེན་པོའི་དགག་སྒྲས་མིན། སྨད་པའི་དགག་སྒྲས་བཤད་པ་མ་ཡིན་པའི་ཕྱིར། གཞན་དུ་ན་ཤེས་སྒྲིབ་ཐམས་ཅད་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པར་ཐལ་ལོ། །ཞེས་ཤེས་པར་གྱུར་པའི་ཤེས་སྒྲིབ་ཡོད་པར་ལུང་རིག་གཉིས་ཀྱིས་བསྒྲུབས་པར་མཛད་དོ།།

རྗེ་བཙུན་ཤེས་རབ་རྒྱ་མཚོས་མཛད་པའི་གྲུབ་ཆེན་ལཱུ་བའི་ལུགས་ཀྱི་དཔལ་འཁོར་ལོ་སྡོམ་པའི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་དམར་ཁྲིད་ཧེ་རུ་ཀའི་ཞལ་གྱི་བདུད་རྩི་ལས། ཤེས་སྒྲིབ་ལ་ཤེས་པ་མེད་ན་ཉོན་མོངས་སྤངས་ཟིན་པས་རླུང་གི་ཞུགས་གནས་ཐིམ་གསུམ་འདི་ཙམ་གང་གིས་བྱེད་དཔྱད་ན་ཤེས་པར་གྱུར་པའི་ཤེས་སྒྲིབ་ཚེགས་མེད་པར་འགྲུབ། ཅེས་དང།

དེ་ཉིད་ཀྱིས་མཛད་པའི་དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔའི་དམར་ཁྲིད་ཀྱི་བརྗེད་བྱང་མི་བསྐྱོད་ཞལ་གྱི་བདུད་རྩི་ལས། དྭགས་པོ་ནམ་མཁའ་གྲགས་ཀྱི་རྫོགས་རིམ་ལས་སྒོམ་ལམ་སྐོར་དགུ་ཐབས་ཀྱིས་འབྱེད་པར་གསུངས་པ་ལ་བརྟེན་ནས་སློབ་པ་མཐའི་དོན་གྱི་འོད་གསལ་གྱིས་ཅིག་ཅར་སྤོང་བར་འདོད་མཁན་ཡོད་ཀྱང་། དེའི་གོང་དུ་ཞུགས་གནས་ཐིམ་གསུམ་དེ་སྙེད་ལ་སྤང་བྱའི་ཀུན་རྟོག་ཐིམ་པ་ཤེས་སྒྲིབ་ལས་འོས་མེད་པས་ཐལ་འགྱུར་བའི་ལུགས་ལ་ཤེས་སྒྲིབ་ལ་ཤེས་པ་ཡོད་པའང་འདིས་འགྲུབ། ཅེས་དང་།

ཡང་དེ་ཉིད་ཀྱིས་མཛད་པའི་འཇམ་དཔལ་རྡོ་རྗེ་བཅུ་གསུམ་ལྷའི་འཁོར་ལོའི་རྫོགས་རིམ་རྣལ་འབྱོར་བཞིའི་ཁྲིད་ཀྱི་བརྗེད་བྱང་འཇིགས་མཛད་ཞལ་གྱི་བདུ་རྩི་ལས། ཀུན་མཁྱེན་བླ་མའི་ཡིག་ཆར་བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་མ་རིག་པ་ཤེས་སྒྲིབ་ཕྲ་མོར་བཞག་པ་དེ་མ་སྤངས་བར་དུ་བདེན་གཉིས་ངོ་བོ་གཅིག་ཏུ་ཤར་བའི་མཉམ་རྗེས་འདྲེས་པ་མི་འོང་བས་གོ་རྒྱུ་ཟབ། རྗེ་བཙུན་པ་དང་བསོད་གྲགས་པ་སོགས་གཞན་གྱི་ཡིག་ཆ་རྣམས་སུ་ཤེས་པར་གྱུར་པའི་ཤེས་སྒྲིབ་མེད་པར་གསུངས་པས་སྐབས་འདིར་སྟག་ཚང་བའི་འགལ་ཁུར་གྱི་ལན་འདེབས་ཚུལ་ཡང་མི་འདྲ་བ་གཉིས་བྱུང་བ་རེད། རྫོགས་རིམ་གྱི་སྐབས་དོན་གྱི་འོད་གསལ་ཐོབ་ནས་མི་སློབ་པའི་ཟུང་འཇུག་མ་ཐོབ་པའི་བར་དེར་ཞུགས་གནས་ཐིམ་གསུམ་ཡང་ཡང་གསུངས་པས་རླུང་དེའི་བཞོན་པ་ཅན་གྱི་ཀུན་སློང་གི་རྟོག་པར་གྱུར་པའི་ཤེས་པ་མ་བཞག་པའི་ཐབས་མེད་པ་རིགས་པས་འགྲུབ་གསུངས། ཞེས་ལུགས་འདིར་ཤེས་པར་གྱུར་པའི་ཤེས་སྒྲིབ་འཇོག་པའི་རྒྱུ་མཚན་དང་བཅས་གསལ་བར་གསུངས་སོ།།

ཆོས་རྗེ་ངག་དབང་དཔལ་ལྡན་གྱིས་མཛད་པའི་གྲུབ་མཐའི་མཆན་ལས། ཉོན་མོངས་ཀྱི་ས་བོན་མ་ཡིན་པའི་བག་ཆགས་ནི་ཤེས་སྒྲིབ་ཡིན་ལ། ཉོན་མོངས་ཅན་མིན་པའི་མ་རིག་པའང་ཡོད་པར་བཞེད་དོ། །ཉོན་མོངས་མ་ཟད་པར་ཤེས་སྒྲིབ་སྤོང་བའི་མགོ་མི་རྩོམ་ཞིང་། ཞེས་གསུངས་པས། འང་སྒྲས་བསྡུ་རྒྱུའི་བག་ཆགས་མ་ཡིན་པའི་ཤེས་སྒྲིབ་ལ་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་དེ་བཞག་ཅིང་། དེ་ཤེས་པ་ལས་འོས་མེད་པས་དམ་པ་འདིས་ཀྱང་ཤེས་སྒྲིབ་ལ་ཤེས་པ་བཞེད་དམ་སྙམ་སྟེ། འདི་ལ་བརྟག་པ་ཅུང་ཟད་ཅིག་རང་ལུགས་སྐབས་སུ་དགོད་རྒྱུ་ཡིན་པས་གཟུར་གནས་རྣམས་ཀྱིས་བརྟག་པར་མཛོད།

རྗེ་ཞང་སྟོན་བསྟན་པ་རྒྱ་མཚོས་མཛད་པའི་སྔགས་ཀྱི་དོགས་པ་འགའ་ཞིག་བརྗེད་བྱང་དུ་བཀོད་པ་སྤོས་མེའི་སྣང་བ་ལས། དུས་འཁོར་ཊཱིཀ་ཆེན་ཁ་སྐོང་ཞང་ཞུང་བས་མཛད་པར། འཇུག་པ་རང་འགྲེལ་གྱི་ལུང་དྲངས་པའི་མཇུག་ཏུ། གཉིས་སྣང་འཁྲུལ་བའི་ཆར་གྱུར་པའི་སེམས་འབྱུང་བ་ནི། ཤེས་སྒྲིབ་ཏུ་འཇོག་གོ་ཞེས་བྱ་བ་ནི་རྒྱལ་བ་དགྱེས་པའི་གཏམ་མོ། །ཞེས་གསུངས་པ་ཐལ་འགྱུར་བའི་ལུགས་ལ་ཤེས་སྒྲིབ་ལ་ཤེས་པ་ཡོད་པའི་ཁུངས་རྗེ་ཡབ་སྲས་ཀྱི་གཞུང་འདི་ལས་གསལ་མེད་ལ། ཀུན་མཁྱེན་བླ་མ་མ་གཏོགས་དེ་ལྟར་ཁས་ལེན་པ་ཡང་མེད། ཁུངས་འདི་སུས་དྲངས་པ་ཡང་མི་སྣང་བས། ཀུན་མཁྱེན་མཆོག་དགྱེས་པའི་མཆོད་པར་བསམས་ནས་བདག་གིས་དྲངས་པ་ཡིན་པས། ཞེས་སོགས་གསུངས་པས་དམ་པ་འདི་ཡང་ཤེས་སྒྲིབ་ལ་ཤེས་པ་བཞེད་པའི་ཕྱོགས་སུ་མངོན་ནོ།།

གསུམ་པ་མི་བཞེད་པའི་ཕྱོགས་ལ་དོགས་པ་སློང་བ་ནི། གོང་དུ་དྲངས་པ་དེ་དག་ནི་སྐྱེས་སྟོབས་ཀྱི་ཤེས་རབ་རྒྱས་ཤིང་། སྦྱང་སྟོབས་ཀྱི་ནུས་མཐུ་རྫོགས་པའི་གཞུང་ལུགས་རབ་འབྱམས་སྨྲ་བ་ཤ་སྟག་གི་གསུང་ཡིན་ཕྱིར། མ་རྟོགས་ལོག་རྟོག་ཐེ་ཚོམ་སོགས་ཀྱིས་སེམས་རྒྱུད་ཡོངས་སུ་གང་བའི་ཕལ་བ་བདག་ལྟ་བུས་དགག་གཞག་བྱ་བར་མི་འོས་མོད། འོན་ཀྱང་། རྗེ་བླ་མའི་གསུང་དྲང་ངེས་ལེགས་བཤད་སྙིང་བོ་ལས་དཔལ་ལྡན་ཐལ་འགྱུར་བའི་ལུགས་ཀྱི་ཤེས་སྒྲིབ་ངོས་འཛིན་གྱི་གཞུང་གི་དཀའ་གནས་འདི་དག་ལས་འཕྲོས་ནས། རྒྱ་བོད་ཀྱི་མཁས་གྲུབ་དམ་པ་རྣམས་ཀྱི་གསུང་ལ་གཞི་བཅོལ་ཏེ་དོགས་སློང་ཅུང་ཟད་ཙམ་ཞུ་རྒྱུ་བྱུང་བ་འདི་ཡང་བསྟན་པའི་ཞབས་འདེགས་སུ་འགྲོ་བའི་སྨོན་ལམ་གྱིས་མཚམས་སྦྱར་ཏེ་ཚུལ་འདིར་ཞུགས་པ་ཡིན། རྗེ་ཐམས་ཅད་མཁྱེན་པ་ཡབ་སྲས་གསུམ་གྱིས་ཤེས་སྒྲིབ་ཏུ་གྱུར་པའི་ཤེས་པ་བཞེད་པར་མངོན་ཏེ། རྩ་བ་ལས། འཇུག་འགྲེལ་གྱི་དེ་ལྟ་བུའི་རྒྱུ་ཡང་ཡིན་ཏེ། ཞེས་པའི་ལུང་དོན་འཆད་པ་ན། ཡང་ཞེས་པས་ཆགས་སོགས་ཀྱི་བག་ཆགས་ཤེས་བྱ་ཡོངས་སུ་གཅོད་པའི་གེགས་སུ་ཡང་བསྟན་པས་ཉོན་མོངས་པའི་བག་ཆགས་ཐམས་ཅད་ཤེས་སྒྲིབ་ཡིན་ཏེ། དེའི་འབྲས་བུ་གཉིས་སྣང་འཁྲུལ་བའི་ཆ་ཐམས་ཅད་ཀྱང་དེར་བསྡུའོ། །ཞེས་གསུངས་པའི་ཕྱིར་དང། དགོངས་པ་རབ་གསལ་ལས་ཀྱང་དེ་བཞིན་དུ་གསུངས་པའི་ཕྱིར་རོ།། ཁྱབ་སྟེ། འདིའི་ཆ་ཞེས་པ་ནི་བག་ཆགས་ཀྱིས་བསླད་པའི་འཁྲུལ་ཤེས་དེ་ཡུལ་ལ་རྨོངས་པའི་བྱེ་བྲག་གམ། ཡུལ་ལ་བློ་མི་གསལ་བའི་ཆ་ལ་འཇོག་དགོས་པ་གང་ཞིག  དེ་ཤེས་པ་ཡིན་པའི་ཕྱིར། དང་བོ་མ་གྲུབ་ན། ཤེས་སྒྲིབ་ཏུ་གྱུར་པའི་གནས་ངན་ལེན་དེ་ལ་དེ་འདྲ་བ་ཞིག་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེར་གྱུར་པའི་སེམས་ཀྱི་གནས་ངན་ལེན་དེ་ལ་དེ་འདྲ་ཞིག་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། མཁས་གྲུབ་རྗེའི་སྟོང་ཐུན་སྐལ་བཟང་མིག་འབྱེད་ལས། སེམས་ཀྱི་གནས་ངན་ལེན་ནི་ཤེས་བྱའི་གནས་རྟོགས་པར་དཀའ་བ་དག་ལ་བློ་མི་གསལ་བའི་ཆ། མོའུ་འགལ་གྱི་བུས་མ་འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་གྱི་དམྱལ་བར་སྐྱེས་པ་མངོན་ཤེས་ཀྱིས་ཡུན་རིང་དུ་བལྟས་ཀྱང་མ་རྟོགས་པར་གསུངས་པ་ལྟ་བུ་སྟེ། དེ་ནི་ཤེས་བྱ་ཡོངས་སུ་གཅོད་པའི་གེགས་སུ་འདུ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། དེ་འདྲའི་བློ་མི་གསལ་བའི་ཆ་དེ་ཤེས་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བློ་མི་གསལ་བའི་ཆ་ལ་ཤེས་པ་ཡིན་པས་མ་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། བློ་གསལ་བའི་ཆ་ལ་ཤེས་པ་ཡིན་པས་མ་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཤེས་པ་གསལ་བའི་ཆ་ལ་ཤེས་པ་ཡིན་པས་མ་ཁྱབ་པར་ཐལ། འདོད་པའི་ཕྱིར་། འདོད་ན། གསལ་རིག་གི་ཆ་ལ་ཤེས་པ་ཡིན་པས་མ་ཁྱབ་པར་ཐལ་ལོ། གཞན་ཡང་། ཉོན་མོངས་པའི་བག་ཆགས་ཀྱིས་བསྐྱེད་ཅིང་། འཇུག་ཤེས་དྲུག་ལ་ཡུལ་དྲུག་རང་ངོས་ནས་གྲུབ་པ་ལྟ་བུར་སྣང་བའི་གཉིས་སྣང་གི་ཆ་དེ་ཆོས་ཅན།ཤེས་པ་མ་ཡིན་པར་ཐལ། ཤེས་སྒྲིབ་ཡིན་པའི་ཕྱིར།རྟགས་གྲུབ་སྟེ། སྟོང་ཐུན་ལས། དེ་འདྲ་བའི་ཤེས་སྒྲིབ་ས་བོན་གྱི་ཆ་དེ་ལ་གཉིས་སྣང་འཁྲུལ་པའི་བག་ཆགས་ཞེས་བྱ་ཞིང༌། བག་ཆགས་དེ་ལ་བརྟེན་ནས་འཇུག་ཤེས་དྲུག་ལ་ཡུལ་རང་ངོས་ནས་གྲུབ་པ་ལྟ་བུར་སྣང་བའི་བདེན་སྣང་གི་ཆ་ལ་ཤེས་སྒྲིབ་མངོན་གྱུར་ཅེས་བྱའོ། །ཞེས་གསུངས་པའི་ཕྱིར། གོང་དུ་འདོད་ན། དེ་འདྲའི་གཉིས་སྣང་གི་ཆ་དེ་ཤེས་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ལ་ཡུལ་སྣང་ཞིག་ཡོད་པའི་ཆ་ནས་ཤེས་སྒྲིབ་མངོན་གྱུར་ལ་བཞག་པ་མ་ཡིན་པར་ཐལ།འདོད་པའི་ཕྱིར། འདོད་ན་ཤེས་སྒྲིབ་ཡིན་ན་ཤེས་སྒྲིབ་མངོན་གྱུར་ཡིན་པས་ཁྱབ་པར་ཐལ་ལོ། གཞན་ཡང་། ཤེས་སྒྲིབ་དེ་ལ་མ་རིག་པ་དང། ཀུན་སློང་གི་རྟོག་པ་གཉིས་རེ་རེ་ནས་མེད་པར་ཐལ། དེ་ལ་ཤེས་པ་མེད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་མ་རིག་པ་ཡོད་པ་གང་ཞིགཀུན་སློང་གི་རྟོག་པ་ཡང་ཡོད་པའི་ཕྱིར། དང་བོ་དེར་ཐལ།ལམ་རིམ་ཆེན་མོ་ལས། དེ་ཡང་ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་གྱི་མ་རིག་པ་ཙམ་ཀུན་ཏུ་སྤྱོད་པའི་ཕྱིར། སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་གྱི་འཕགས་པ་རྣམས་ལ་སྣང་གི  སྣང་བ་མེད་པའི་སྤྱོད་ཡུལ་ཅན་མངའ་བ་རྣམས་ལ་ནི་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །ཞེས་སོགས་གཞུང་ཆེན་མོ་རྣམས་ལས་དེ་ལ་མ་རིག་པ་ཡོད་པར་ཡང་ཡང་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། རྒྱལ་ཚབ་ཐམས་ཅད་མཁྱེན་པའི་རྒྱུད་བླ་མའི་ཊཱིཀྐ་ལས། གཉིས་པ་ནི། རྒྱུའི་མཚན་ཉིད་ནི་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་ཅན་ཉོན་མོངས་པའི་ཟག་པ་མེད་པའི་ལས་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱི་ཉེར་ལེན་གྱི་རྒྱུ་སེམས་པས་བསྡུས་པ་གང་ཟག་གསུམ་གྱི་ལུས་ངག་གི་རྣམ་རིག་བསྐྱེད་པའི་ཀུན་སློང་གི་རྩོལ་བ་ཕྲ་མོ་ཉིད་སྔར་བཤད་པའི་འདུ་བྱེད་བཞིན་ནོ། །ཞེས་གསུངས་པའི་ཕྱིར། མ་ཁྱབ་ན། མ་རིག་པ་དང་། སེམས་པས་བསྡུས་པའི་ཀུན་སློང་གི་རྟོག་པ་ལ་ཤེས་པས་མ་ཁྱབ་པར་ཐལ་ལོ། གཞན་ཡང་། ལུགས་འདིར་ཤེས་སྒྲིབ་ལ་ཤེས་པ་ཡོད་པར་ཐལ།དེ་ལ་གཉིས་སྣང་གི་འཁྲུལ་བ་ཞིག་ཡོད་པ་གང་ཞིག  གཉིས་སྣང་འཁྲུལ་བ་དེ་ཤེས་པ་ཡིན་པའི་ཕྱིར། རྟགས་དང་བོ་གྲུབ་སྟེ། ལམ་རིམ་ཆེན་མོ་ལས། འོ་ན་འདི་བའི་ལུགས་ལ་ཤེས་སྒྲིབ་གང་ལ་བྱེད་སྙམ་ན། ཤེས་སྒྲིབ་ནི་ཐོག་མ་མེད་པ་ནས་རང་བཞིན་ཡོད་པར་ཞེན་པའི་དངོས་པོ་ལ་མངོན་པར་ཞེན་པའི་སྒོ་བྱེད་ཀྱིས་སེམས་རྒྱུད་ལ་བག་ཆགས་བརྟན་པར་བཞག་པའི་བག་ཆགས་ཀྱི་དབང་གིས་རང་བཞིན་མེད་བཞིན་དུ་རང་བཞིན་ཡོད་པར་སྣང་བའི་གཉིས་སྣང་གི་འཁྲུལ་བ་རྣམས་ཡིན་ཏེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིའི་གཉིས་སྣང་ཞེས་པ་རང་བཞིན་གྱིས་ཡོད་པར་སྣང་བ་ལ་གསལ་བར་གསུངས་ཤིང་། དེ་ཤེས་པ་ལས་འོས་མེད་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། དེ་འདྲའི་གཉིས་སྣང་འཁྲུལ་བ་ཅན་གྱི་གང་ཟག་དེ་ཡང་གཉིས་སྣང་གི་འཁྲུལ་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན།དེ་འདྲའི་གང་ཟག་དེ་ཤེས་སྒྲིབ་ཏུ་ཐལ་བ་དང། ཤེས་སྒྲིབ་ཏུ་གྱུར་པའི་བག་ཆགས་དེ་གཉིས་སྣང་གི་འཁྲུལ་བ་ཡིན་པར་ཐལ་བ། རྗེ་བླ་མས་དེ་འདྲའི་གཉིས་སྣང་གི་འཁྲུལ་བ་དེ་ཤེས་སྒྲིབ་ཏུ་གསུངས་པ་མི་འཐད་པར་ཐལ་བ་སོགས་ཀྱིས་གནོད་དོ།། གཞན་ཡང་། ཤེས་སྒྲིབ་ལ་ཤེས་པ་མེད་པར་བཤད་པ་མི་འཐད་པར་ཐལ། དེ་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཡོད་པའི་ཕྱིར། དེར་ཐལ། རྒྱུད་བླ་མ་ལས། དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་ཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མར་ལྟ་བར་མི་ནུས་བཞིན། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིར་སངས་རྒྱས་མ་ཐོབ་པར་མྱང་འདས་མི་ཐོབ་པར་གསུངས་པའི་འདའ་རྒྱུའི་མྱ་ངན་ལ་ཉོན་སྒྲིབ་ཕྱོགས་ཀྱི་ཡན་ལག་བཅུ་གཉིས་དང་། ཤེས་སྒྲིབ་ཕྱོགས་ཀྱི་ཡན་ལག་བཅུ་གཉིས་ཡོད་པའི་ཕྱིར། དེར་ཐལ། རྒྱུད་བླ་དར་ཊཱིཀ་ལས། འོག་ནས་སངས་རྒྱས་མ་ཐོབ་པར་མྱང་འདས་མི་ཐོབ་པར་བཤད་པ་ནི། ཉོན་སྒྲིབ་ཀྱི་ཕྱོགས་ཀྱིས་བསྡུས་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་དང༌།  ཤེས་སྒྲིབ་ཀྱི་ཕྱོགས་ཀྱིས་བསྡུས་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་མྱ་ངན་མ་ལུས་པ་དང་བྲལ་བའི་དོན་ཡིན་པས།  ཉན་ཐོས་ལ་མྱང་འདས་མཚན་ཉིད་པ་མེད་པ་རྣམ་པ་ཐམས་ཅད་དུ་བྱར་མི་རུང་ངོ༌། །ཞེས་གསུངས་པའི་ཕྱིར། དེ་ལ་ཁྱབ་པ་མེད་དེ། ཤེས་སྒྲིབ་ཀྱིས་བསྡུས་ན་ཤེས་སྒྲིབ་ཡིན་མི་དགོས་ཟེར་ན། འོ་ན། སངས་རྒྱས་པ་ལ་སྤངས་དགོས་པའི་ཆོས་ཡིན་ན་ཤེས་སྒྲིབ་ཀྱིས་བསྡུས་པས་ཁྱབ་པར་ཐལ་ལོ། དེ་འདོད་ན། ཉན་རང་དགྲ་བཅོམ་པ་དང། དག་སའི་སྐབས་སུ་ཡོད་པའི་འཇུག་ཤེས་དྲུག་གི་འཁྲུལ་ཤེས་དང། སྙོམ་འཇུག་གི་སྒྲིབ་པ་དང་། ཟག་མེད་ལས། ས་གོང་མ་ཐོབ་པ་ལ་གེགས་བྱེད་སོགས་སངས་རྒྱས་པ་ལ་སྤངས་དགོས་པ་ཇི་སྙེད་ཅིག་འཇོག་དགོས་པས་དེ་རྣམས་ཤེས་སྒྲིབ་ཀྱིས་བསྡུས་ཚུལ་གང་ཡིན་སོགས་ཀྱིས་དཔྱད་དོ།། གཞན་ཡང། ཤེས་སྒྲིབ་ཡིན་ན་ཤེས་པ་མ་ཡིན་པས་ཁྱབ་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་ལ་ཀུན་སློང་གི་རྟོག་པ་ཞིག་མེད་པར་ཐལ། འདོད་པའི་ཕྱིར། མ་ཁྱབ་ཟེར་ན་། ཀུན་སློང་གི་རྟོག་པ་ལ་ཤེས་པས་མ་ཁྱབ་པར་ཐལ་ལོ། འདོད་མི་ནུས་ཏེ། རྒྱུད་བླ་དར་ཊཱིཀ་ལས། གཞན་དོན་འབད་མེད་ལྷུན་གྲུབ་ཏུ་འཇུག་པའི་འགལ་རྐྱེན་ཕྲ་བ་ནི། ཤེས་སྒྲིབ་ཀྱིས་བསྡུས་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ནས་ཟག་པ་མེད་པའི་ལས་ཞེས་པ། ལུས་ངག་གི་ལས་མངོན་པར་འདུ་བྱེད་པའི་ཀུན་སློང་གི་རྩོལ་བ་ཕྲ་མོ་དེ་ཡིན་ལ། དེ་ཉེ་བར་ཞི་བ་ན། སྤངས་པ་མཐར་ཐུག་ཅིང༌། གཞན་དོན་འབད་མེད་ལྷུན་གྲུབ་ཏུ་འཇུག་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། ལུགས་འདིར་ཤེས་སྒྲིབ་ལ་ཤེས་པ་ཡོད་པར་ཐལ། འཕགས་བོད་ཀྱི་མཁས་པས་མཛད་པའི་དབུ་མ་འཇུག་པའི་འགྲེལ་བ་སོགས་མདོ་སྔགས་ཀྱི་གསུང་རབ་དག་ལས་ཤེས་སྒྲིབ་ལ་ཤེས་པ་ཡོད་པར་ཡང་ནས་ཡང་དུ་གསུངས་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཤེས་སྒྲིབ་ལ་གཉིས་སྣང་ཅན་གྱི་སེམས་ཡོད་པར་གསུངས་པ་གང་ཞིག  དེར་གྱུར་པའི་མ་རིག་པ་ཡོད་པར་ཡང་གསུངས། དེ་ལ་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ཡོད་པར་གསུངས་པའི་ཕྱིར། དང་བོ་གྲུབ་སྟེ། ཞང་ཞུང་ཆོས་དབང་གྲགས་པས་མཛད་པའི་དུས་འཁོར་ཊཱིཀ་ཆེན་གྱི་ཁ་སྐོང་ལས། གཉིས་སྣང་འཁྲུལ་བའི་ཆར་གྱུར་པའི་སེམས་འབྱུང་བ་ཤེས་སྒྲིབ་ཏུ་འཇོག་གོ་ཞེས་བྱ་བ་ནི་རྒྱལ་བ་དགྱེས་པའི་གཏམ་མོ། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། དབུ་མ་དགོངས་པ་རབ་གསལ་ལས། སངས་མ་རྒྱས་པའི་འཕགས་པ་རྣམས་ཀྱིས་ནི་ཤེས་སྒྲིབ་ཀྱི་མ་རིག་པ་མ་སྤངས་པས། རྗེས་ཐོབ་ཀྱི་སྣང་བཅས་ཀྱི་རྟོག་པ་དང༌། མཉམ་གཞག་ཏུ་སྣང་མེད་དུ་འགྱུར་བའིི་རེས་འཇོག་ཡོད་ལ། ཞེས་གསུངས་པའི་ཕྱིར། མ་ཁྱབ་ན། ཤེས་སྒྲིབ་ཀྱི་མ་རིག་པ་ལ་མ་རིག་པས་མ་ཁྱབ་པར་ཐལ། འདོད་པའི་ཕྱིར།འདོད་ན། སྤང་བྱའི་མ་རིག་པ་ལ་མ་རིག་པས་མ་ཁྱབ་པར་ཐལ་ལོ། རྟགས་གསུམ་པ་གྲུབ་སྟེ། འཇུག་པ་རང་འགྲེལ་གྱི་ཤེས་སྒྲིབ་ངོས་འཛིན་གྱི་གཞུང་གི་དགོངས་པ་འཆད་པའི་སྐབས་སུ་དེ་ཉིད་ལས།”དེ་ཡང་ཤེས་སྒྲིབ་ཀྱི་མཚན་ཉིད་ཅན་གྱི་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ཙམ་ཀུན་ཏུ་སྤྱོད་པའི་ཕྱིར། “མ་རིག་པ་དང་དེའི་བག་ཆགས་ཀྱིས་བསླད་པའི་ “སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་གྱི་ “རྗེས་ཐོབ་ལ་གནས་པའི་ “འཕགས་པ་རྣམས་ལ་སྣང་གི། འཕགས་པ་སྣང་བ་མེད་པའི་སྤྱོད་ཡུལ་མངའ་བ་མཉམ་གཞག་ལ་གནས་པ་རྣམས་ལ་ནི་སྣང་བ་མིན་ནོ། །ཞེས་དང། འཇུག་པ་རང་འགྲེལ་ལས། དེ་ཡང་ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་གྱི་མ་རིག་པ་ཙམ་ཀུན་ཏུ་སྤྱོད་པའི་ཕྱིར།  སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་འཕགས་པ་རྣམས་ལ་སྣང་གི  སྣང་བ་མེད་པའི་སྤྱོད་ཡུལ་མངའ་བ་རྣམས་ལ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང། དེ་བཞིན་དུ་དཔལ་ལྡན་ཟླ་བའི་འདུས་པའི་རྩ་རྒྱུད་ཀྱི་འགྲེལ་བ་སྒྲོན་གསལ་ལས་ཀྱང། བྱང་ཆུབ་ཆེན་པོ་ནི་ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་གྱི། ཉོན་མོངས་པ་ཅན་”པ1༼1སྡེ། ༤༧༦ན༢ན། སྐུ། ༤༧༦༡ན༢ན། ཞོལ། ༤༣༠ན༣ན། བླ། ༤༩༢བ༡ན། མ༽“ཡིན་པའི་མ་རིག་པའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། ཤེས་སྒྲིབ་དེ་ལ་མི་ཤེས་པའི་རྨོངས་པ་ཞིག་མེད་པར་ཐལ། དེ་ལ་ཤེས་པ་ཞིག་མེད་པའི་ཕྱིར། འདོད་ན། དེ་ལ་གོ་ཆ་ལྟ་བུའི་མི་ཤེས་པའི་རྨོངས་པ་ཞིག་བཞག་ནས་སྟོབས་བཅུའི་དང་བོ་དྲུག་རྡོ་རྗེ་དང་ཆོས་མཐུན་སྦྱར་ནས་དེ་འཇོམས་བྱེད་དུ་བསྟན་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རྒྱུད་བླ་མ་ལས། གནས་དང་གནས་མིན་རྣམ་སྨིན་ཁམས་དང་འགྲོ་བའི་མོས་པ་སྣ་ཚོགས་དང༌། །ཉོན་མོངས་རྣམ་བྱང་དབང་བོའི་ཚོགས་དང་སྔོན་གནས་རྗེས་སུ་དྲན་པ་དང༌། །ལྷ་ཡི་མིག་དང་ཟག་པ་ཟད་ཚུལ་མི་ཤེས་གོ་ཆ་རྩིག་བརྟན་དང༌། །ཤིང་རྣམས་འབིགས་དང་འཇིག་དང་གཅོད་ཕྱིར་སྟོབས་གང་ཡིན་པ་རྡོ་རྗེ་བཞིན། །ཞེས་གསུངས་པའི་ཕྱིར་དང། འདིའི་ཐད་ཀྱི་རྒྱུད་བླ་དར་ཊཱིཀ་ལས། དཔེ་དོན་སྦྱར་བ་དངོས་ལ།  གནས་དང་གནས་མིན་མཁྱེན་པ་དང་། ལས་ཀྱི་རྣམ་སྨིན་མཁྱེན་པ་དང༌། ཁམས་སྣ་ཚོགས་མཁྱེན་པ་དང༌། འགྲོ་བའི་མོས་པ་སྣ་ཚོགས་མཁྱེན་པ་དང༌། ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་དབང་བོའི་ཚོགས་མཁྱེན་པ་དང༌། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པ་དྲུག་གིས་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པའི་གོ་ཆ་ཤེས་སྒྲིབ་འབིགས་པར་བྱེད་པ་ལ་རྡོ་རྗེ་ལྟ་བུ་དང༌། ཞེས་དང། གཞན་ཡང་། རྒྱུད་བླ་མ་ལས། སྟོབས་སོགས་རྣམས་ལས་སྟོབས་དྲུག་དང༌། །གསུམ་དང་གཅིག་གིས་རིམ་པ་བཞིན། །ཤེས་བྱ་སྙོམས་པར་འཇུག་པ་དང༌། །བག་ཆགས་བཅས་པ་ཀུན་བསལ་བས། །གོ་ཆ་རྩིག་པ་ཤིང་བཞིན་དུ། །ཕུག་དང་གཞིག་དང་བཅད་ཕྱིར་རོ། །ཞེས་སོགས་ཀྱིས་གསལ་བར་གསུངས་སོ།། ལུང་དེ་དག་གིས་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ཤེས་སྒྲིབ་ཏུ་གསུངས་པ་གང་ཞིག  ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་མ་རིག་པ་དང་ཤེས་པ་མ་ཡིན་པས་སྐྱོན་མེད་དོ་ཞེས་བཞེད་པ་ལ། འོ་ན་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ལ་མ་རིག་པས་མ་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉོན་མོངས་ཅན་མ་ཡིན་པའི་རྨོངས་པ་ལ་མ་རིག་པས་མ་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉོན་མོངས་ཅན་མ་ཡིན་པའི་སེམས་བྱུང་རྨོངས་པ་ལ་མ་རིག་པས་མ་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན།ཉོན་མོངས་ཅན་མ་ཡིན་པའི་སེམས་བྱུང་རིག་པ་ལ་ཤེས་པས་མ་ཁྱབ་པར་ཐལ་ལོ། འདོད་ན། ཉོན་མོངས་ཅན་མ་ཡིན་པའི་སེམས་བྱུང་སེམས་པ་ལ་ཤེས་པས་མ་ཁྱབ་པ་དང། དེར་གྱུར་པའི་ཤེས་པ་ལ་ཤེས་པས་མ་ཁྱབ་པ་སོགས་གསུང་དགོས་པར་འགྱུར་རོ།། གཞན་ཡང་། དཔལ་ལྡན་ཟླ་བའི་སྐྱབས་འགྲོ་བདུན་ཅུ་བ་ལས། མི་ཤེས་ཉོན་མོངས་མིན་སྤངས་ཕྱིར། །ཕྱིས་ནས་སངས་རྒྱས་ཀྱིས་བསྐུལ་བས། །ཞེས་དང། མ་རིག་ཉོན་མོངས་མིན་ཡོད་པས། །རྣམ་པ་ཀུན་མཁྱེན་སྤངས་པ་ཉིད། །ཅེས་པ་འདིས་ཀྱང་ཤེས་སྒྲིབ་ལ་མ་རིག་པ་ཡོད་པར་གསལ་བར་བསྟན་པའི་ཕྱིར་ན་ཐེ་ཚོམ་མི་དགོས་པའི་ཚོད་དུ་སྣང་ངོ་།། འདི་ཡང་ཤེས་པ་མ་ཡིན་པས་སྐྱོན་མེད་ཅེས་གསུངས་ན་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་གསུང་ཚད་ཐམས་ཅད་ལྡན་མིན་འདུ་བྱེད་དུ་ཞལ་གྱིས་བཞེས་ན་ཧ་ཅང་ཐལ་བར་མི་འགྱུར་རམ། གཞན་ཡང་། ས་དགུ་བ་བའི་རྒྱུད་ཀྱི་འཇུག་ཤེས་དྲུག་ལ་རང་ཡུལ་གཟུགས་སོགས་བདེན་གྲུབ་དུ་སྣང་བའི་གཉིས་སྣང་འཁྲུལ་བའི་ཆ་དེ་ཆོས་ཅན། ཤེས་པ་མ་ཡིན་པར་ཐལ། ཤེས་སྒྲིབ་ཡིན་པའི་ཕྱིར། འདོད་ན། དེ་འདྲའི་གཉིས་སྣང་འཁྲུལ་བ་དེ་ཆོས་ཅན། ལྡན་མིན་འདུ་བྱེད་ཡིན་པར་ཐལ། ཤེས་སྒྲིབ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། ཤེས་སྒྲིབ་མངོན་གྱུར་བ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། བག་ཆགས་ཡིན་པར་ཐལ། རང་གི་འབྲས་བུ་གྱུར་པའི་དེ་འདྲའི་བདེན་སྣང་ཙམ་ཞིག་སྐྱེད་པའི་ས་བོན་ནམ། ནུས་པ་ཡིན་པའི་ཕྱིར། ཁྱབ་སྟེ། སྟོང་ཐུན་ལས། དེ་ཡང་བདེན་འཛིན་དང་དེའི་དབང་གིས་བྱུང་བའི་ཆགས་སོགས་ཉོན་མོངས་པ་རྣམས་ཀྱིས་བག་ཆགས་འཇོག་བྱེད་བྱས་ནས་སེམས་རྒྱུད་ཀྱི་སྟེང་དུ་བཞག་པའི་བག་ཆགས་ལ་གཉིས་ཡོད་དེ། བདེན་འཛིན་དང་ཆགས་སོགས་ཉོན་མོངས་པ་རང་རང་གི་རིགས་འདྲ་ཕྱི་མ་སྐྱེད་པའི་ངོ་བོར་གྱུར་པ་དང༌། འཇུག་ཤེས་དྲུག་ལ་ཡུལ་རང་ངོས་ནས་གྲུབ་པ་ལྟ་བུར་སྣང་བའི་བདེན་སྣང་ཙམ་ཞིག་བསྐྱེད་པའི་ནུས་པའི་ངོ་བོར་གྱུར་པའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་འདྲའི་གཉིས་སྣང་འཁྲུལ་བའི་ཆ་དེ་ས་བོན་གང་ཞིག  དེས་བསྐྱེད་པའི་གཉིས་སྣང་འཁྲུལ་བའི་ཆ་ཞིག་ཡོད་མི་ཆོག་པའི་རྒྱུ་མཚན་མེད་ལ། དེ་འདོད་ན། འཁྲུལ་བ་ཕྱི་མ་སྐྱེད་བྱེད་ཀྱི་ནུས་པ་དེ་བག་ཆགས་སུ་ཐལ་བས། ཤེས་སྒྲིབ་ས་བོན་པ་དང་། མངོན་གྱུར་བ་གཉིས་ཀྱི་ཁྱད་པར་ཡང་འབྱེད་དཀའ་འོ།། གཞན་ཡང་། ཤེས་བྱའི་ཆ་ཕྲ་མོ་རྟོགས་དཀའ་བ་ལ་བློ་མི་གསལ་བའི་རྨོངས་པ་ཆོས་ཅན། ཤེས་པ་མ་ཡིན་པར་ཐལ། ཤེས་སྒྲིབ་ཡིན་པའི་ཕྱིར། རྟགས་གྲུབ་པ་དང། འདོད་མི་ནུས་པ་གཉིས་ཀ་ཡིན་པར་ཐལ། འགྲེལ་བ་མངོན་པའི་རྒྱན་ལས། དེས་ན་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ནི་ཤེས་བྱའི་སྒྲིབ་པ་སྟེ། ཞེས་དང། མཛོད་རང་འགྲེལ་ལས། འདི་ལྟར་དེ་དག་ལས་སངས་རྒྱས་ཀྱི་ཆོས་དང༌། ཡུལ་དང༌། དུས་ཤིན་ཏུ་བསྐལ་བ་དང༌། དོན་རབ་ཏུ་དབྱེ་བ་མཐའ་ཡས་པ་རྣམས་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡོད་པ་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ།། དེ་ལ་ཡང་མ་ཁྱབ་ཟེར་ན། གནས་བརྟན་མོའུ་འགལ་གྱི་བུས་རང་གི་མ་འོད་ཟེར་ཅན་གྱི་འཇིག་རྟེན་དུ་སྐྱེས་པ་མ་ཤེས་པའི་མ་རིག་པ་དང་། འཕགས་པ་ཤཱ་རིའི་བུས་ཁང་བདག་དཔལ་སྐྱེས་ཀྱིས་སྔོན་ཐར་པའི་ཆ་མཐུན་བསྐྱེད་པ་མ་ཤེས་པའི་མ་རིག་པ་སོགས་ཀྱང་ཤེས་པ་མ་ཡིན་པར་ཐལ། ཤེས་སྒྲིབ་ཡིན་པའི་ཕྱིར་རོ།། དེ་བཞིན་དུ་འགྲེལ་བ་མངོན་པའི་རྒྱན་ལས། གནས་བརྟན་སྒྲ་གཅན་ཟིན་གྱིས། རྨ་བྱའི་མདོངས་ནི་གཅིག་ལ་ཡང༌། །རྒྱུ་ཡི་རྣམ་པ་ཐམས་ཅད་ནི། །ཀུན་མཁྱེན་མིན་པས་ཤེས་བྱ་མིན། །དེ་ཤེས་ཀུན་མཁྱེན་སྟོབས་ཡིན་ནོ། །ཞེས་གསུངས་པ་ལྟ་བུའོ། །དེས་ན་མི་ཤེས་པ་བཞི་བོ་དེ་ལྟ་བུ་ནི་ཤེས་བྱའི་སྒྲིབ་(ཉོན་མོངས་པ་ཅན་མ་ཡིན་པའི་མུན།)པ་ཡིན་ནོ་ཞེས་ངེས་པར་བྱའོ། །ཞེས་སོགས་ཀྱི་ལུང་གི་དོན་ཡང་མ་གྲུབ་པར་ཐལ། གཞུང་དེ་དག་གི་སྐབས་སུ་གསུངས་པའི་དེ་འདྲའི་རྨོངས་པ་དང་། མ་རིག་པ་རྣམས་ཤེས་པ་མ་ཡིན་པའི་ཕྱིར། དེར་ཐལ། ཤེས་སྒྲིབ་ཡིན་པའི་ཕྱིར། ཞེས་སོགས་ལུང་རིགས་དུ་མས་གནོད་པར་སྣང་ངོ་།།

བཞི་བ་དོན་བསྡུས་ཏེ་རང་ལུགས་གཞག་པ་ནི།

རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས། ཤེས་སྒྲིབ་ལ་མངོན་གྱུར་བ་དང། ས་བོན་གྱི་ཆ་གཉིས་སུ་ཕྱེས་ནས། གཟུགས་སོགས་བདེན་གྲུབ་ཏུ་སྣང་བའི་གཉིས་སྣང་འཁྲུལ་བའི་ཆ་ཤེས་སྒྲིབ་མངོན་གྱུར་བ་དང་། བདེན་འཛིན་སྤངས་པའི་རྒྱུད་ལ་འབྱུང་ཞིང་རང་འབྲས་གཉིས་སྣང་འཁྲུལ་བའི་ཉེར་ལེན་དུ་གྱུར་པའི་སྒྲིབ་པའི་རིགས་གནས་ཤིག་ཤེས་སྒྲིབ་ས་བོན་གྱི་ཆར་བཞག་ཅིང། དེས་ན་ཤེས་པར་གྱུར་པའི་ཤེས་སྒྲིབ་མེད་དེ། བདེན་འཛིན་ཤེས་སྒྲིབ་མ་ཡིན་པའི་ཕྱིར། ཞེས་དང་། ཊཱིཀ་ཆེན་སོགས་ཀྱི་གསུང་ཟིན་ལ་བརྟེན་ནས་མ་རིག་པ་ལ་བདག་མེད་པའི་དེ་ཁོ་ན་ཉིད་རིག་པའི་མི་མཐུན་ཕྱོགས་དགོས་པར་གསུངས་ཤིང། སྦྱིན་པ་བཏང་བ་ལས་ལོངས་སྤྱོད་མི་འབྱུང་བར་འཛིན་པའི་སེམས་བྱུང་རྨོངས་པ་སོགས་མ་རིག་པར་མི་བཞེད་ལ། རང་འགྲེལ་ལས། ཤེས་བྱའི་མཚན་ཉིད་ཅན་གྱི་མ་རིག་པ་ཙམ་ཀུན་ཏུ་གཅོད་པའི་ཕྱིར་ཞེས་པ་ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་གྱི་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ཙམ་ཀུན་ཏུ་གཅོད་པའི་ཕྱིར་ཞེས་པའི་དོན་དུ་བཀྲལ་ནས། འོག་ཏུ་རང་ལུགས་སྐབས་སུ་འཇུག་འགྲེལ་གྱི་མ་རིག་བག་ཆགས་སོགས་ཀྱི་དོན་ནི། མ་རིག་པའི་བག་ཆགས་ཞེས་པས་ཤེས་སྒྲིབ་ཀྱི་མཚན་གཞི་དང། ཤེས་བྱ་ཡོངས་སུ་གཅོད་པའི་གེགས་སུ་གྱུར་པ་ཞེས་པས་ཤེས་སྒྲིབ་ཀྱི་མཚན་ཉིད་བསྟན་ཅིང། འགྲེལ་བའི་ཡང་སྒྲའི་དོན་ཉོན་མོངས་པའི་བག་ཆགས་ཤེས་སྒྲིབ་ཏུ་བསྟན་པ་མ་ཟད། དགྲ་བཅོམ་པའི་ལུས་ངག་གི་གནས་ངན་ལེན་གྱི་རྒྱུར་ཡང་བསྟན་པར་གསུངས་པ་ཙམ་ལས་ཤེས་སྒྲིབ་ལ་ཤེས་པ་མེད་པ་དང། ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ཤེས་པ་མ་ཡིན་པའི་སྒྲུབ་བྱེད་དུ་སྤྱི་དོན་འདིར་རྒྱ་གར་མཁས་པའི་གསུང་ཁུངས་སུ་དྲངས་པ་མི་སྣང་ངོ་།།

པཎ་ཆེན་བསོོད་ནམས་གྲགས་པའི་དབུ་མའི་སྤྱི་དོན་ལས། ལུགས་འདིའི་ཤེས་སྒྲིབ་ངོས་བཟུང་བའི་སྐབས་སུ། འཇུག་འགྲེལ་ལས་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ཤེས་སྒྲིབ་ཏུ་གསུངས་པའི་དོན་བདེན་འཛིན་གྱི་བག་ཆགས་ཁོ་ན་ཤེས་སྒྲིབ་ཏུ་འཇོག་པའི་དོན་ཏུ་བཀྲལ་ཞིང། ཤེས་སྒྲིབ་ལ་ཤེས་པ་ཡོད་པའི་སྒྲུབ་བྱེད་དུ་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ཤེས་སྒྲིབ་ཡིན་པར་འགོད་པ་བཞད་གད་གྱི་གནས་སུ་གསུངས་ཤིང་། དབུ་མའི་མཐའ་དཔྱོད་ལས། ཤེས་སྒྲིབ་ལ་ཤེས་པ་མེད་པའི་སྒྲུབ་བྱེད་དུ་ཤེས་སྒྲིབ་ཀུན་བཏགས་མེད་པ་བཀོད་པ་དང། མ་རིག་པ་ལ་ཉོན་མོངས་ཅན་གྱི་མ་རིག་པ་དགོས་ལ། བདེན་འཛིན་གྱི་བག་ཆགས་དེ་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པར་རྒྱུད་འགྲེལ་གྱི་མཆན་བུར་གསུངས་པའི་ཚུལ་རྟོགས་ན་སྟག་ཚང་བའི་དགག་པར་ལན་ལོན་པར་གསུངས་ཀྱང་། རྩ་རྒྱུད་ལེའུ་བཅུ་བདུན་པའི་འགྲེལ་མཆན་ལས། སློབ་དཔོན་འདིའི་ལུགས་ཀྱིས་བདེན་འཛིན་ཉོན་མོངས་ཅན་གྱི་མ་རིག་པར་བཞེད་ལ། ཉོན་མོངས་ཀྱི་བག་ཆགས་ཤེས་སྒྲིབ་དུ་བཞེད་པ་ལྟར་བྱ་ཡི། བདེན་འཛིན་ཤེས་སྒྲིབ་ལ་འཆད་པ་དགོངས་པ་མིན་ཏེ། གཞན་དུ་རྒྱས་པར་བཤད་ཟིན་ཏོ། །ཞེས་གསུངས་པས། རྒྱུད་འགྲེལ་གྱི་མཆན་བུ་ཞེས་པ་འདི་ཡིན་པར་སྣང་བས། གཞུང་འདིས་བདེན་འཛིན་ཤེས་སྒྲིབ་ཏུ་འདོད་པ་བཀག་ནས་ཉོན་མོངས་ཀྱི་བག་ཆགས་ཤེས་སྒྲིབ་ཏུ་འཇོག་པ་ཚིག་ཟིན་ལ་གསལ་བོར་ཐོན་ཡང་། བདེན་འཛིན་གྱི་བག་ཆགས་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པར་འཇོག་པའི་གསལ་ཁ་མེད་ལ། འདིའི་ཐད་ཀྱི་སྒྲོན་གསལ་དུ་ཡང་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ཤེས་སྒྲིབ་ཏུ་གསུངས་པ་ལས་བདེན་འཛིན་གྱི་བག་ཆགས་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པར་མ་གསུངས་ཏེ་ལུང་གོང་དུ་དྲངས་ཟིན་པ་ལྟར་ཡིན། མཐའ་དཔྱོད་དེར་བདེན་སྣང་ཤེས་སྒྲིབ་མིན་པའི་སྒྲུབ་བྱེད་དུ། རྟོག་པ་ལ་བདེན་གྲུབ་སྣང་བ་རྟག་པ་དང། དབང་ཤེས་ལ་དེ་སྣང་བ་ལ་བདེན་གྲུབ་ཏུ་སྣང་བས་ཁྱབ་པར་བཞེད་པ་ལ། སྟོང་ཐུན་ལས། འཇུག་ཤེས་ལ་སྣང་བའི་བདེན་སྣང་གི་ཆ་ཤེས་སྒྲིབ་མངོན་གྱུར་བར་གསུངས་པ་དང། འཇུག་ཊཱིཀ་ལས། བག་ཆགས་ཀྱི་འབྲས་བུ་གཉིས་སྣང་འཁྲུལ་བའི་ཆ་ཤེས་སྒྲིབ་ཀྱིས་བསྡུས་པར་གསུངས་པ་སོགས་མི་འཐད་པའི་ལུང་འགལ་འཕངས་པར། ཤེས་སྒྲིབ་མངོན་གྱུར་བས་ཤེས་སྒྲིབ་ཀྱི་གོ་མི་ཆོད་པ་དང། ཤེས་སྒྲིབ་ཀྱིས་བསྡུས་ན་ཤེས་སྒྲིབ་ཡིན་པས་མ་ཁྱབ་ཅེས་འགལ་སྤོང་མཛད་མོད། དྲུག་པ་ཡིད་ཤེས་ལ་སྣང་བའི་སྣང་བ་དངོས་མེད་དེ་ཤེས་སྒྲིབ་མངོན་གྱུར་བ་ཡིན་ཚུལ་དང་། ཤེས་སྒྲིབ་མ་ཡིན་པའི་གཉིས་སྣང་འཁྲུལ་བའི་ཆ་དེ་ཤེས་སྒྲིབ་ཀྱིས་བསྡུས་ཚུལ་གང་ཡིན། རྩ་བ་དང། རྣམ་བཤད། ལྷག་མཐོང་ཆེན་མོ། སྟོང་ཐུན་སོགས་རྗེ་ཡབ་སྲས་ཀྱི་གསུང་རབ་རྣམས་ལས་དེ་འདྲའི་གཉིས་སྣང་འཁྲུལ་བའི་ཆ་ཤེས་སྒྲིབ་ཀྱི་མཚན་གཞིར་གསུངས་པ་འབྲེལ་མེད་དུ་ཐལ་བར་མི་འགྱུར་རམ་ཞེས་སོགས་ཁོ་བོའི་འཁྲུལ་ངོར་དོགས་པ་མང་དུ་འབྱུང་ཡང་གཟུར་གནས་རྣམས་ཀྱིས་བརྟག་པར་འཚལ། མདོར་བསྡུས་ན་མདོ་སྔགས་རབ་འབྱམས་པ་ཁོང་གིས་དབུ་མའི་སྤྱི་མཐའ་དཔྱོད་གཉིས་ཀར་འཇུག་འགྲེལ་གྱི་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ཞེས་པ་སོགས་ལུགས་འདིའི་བཞེད་པའི་ཤེས་སྒྲིབ་རྣམས་བདེན་འཛིན་གྱི་བག་ཆགས་ཉིད་ལ་འཇོག་པར་གསུངས་ཡང་།ཤེས་སྒྲིབ་ལ་ཤེས་པ་མེད་པའི་སྒྲུབ་བྱེད་དུ་འཕགས་ཡུལ་པཎ་ཆེན་གྱི་གཞུང་ཁུངས་སུ་དྲངས་པ་མི་སྣང་ངོ་།།

མཁས་གྲུབ་ཆེན་པོ་དགེ་འདུན་བསྟན་པ་དར་རྒྱས་མཆོག་གི་དབུ་མར། ལུགས་འདིར་ཤེས་སྒྲིབ་དང་ཤེས་པའི་གཞི་མཐུན་ཡོད་མེད་གཉིས་ལས་ཕྱི་མ་བཞེད་མཁན་ཤིན་ཏུ་མང་བས་དགོངས་པར་གང་སོང་བརྟགས་ཏེ་ཁས་བླང་པར་བྱའོ། །ཞེས་གཞུང་གི་དགོངས་པར་གང་སོང་བརྟག་དགོས་པར་གསུངས་ཀྱང་། གོང་དུ་ལུགས་འདིར་ཤེས་སྒྲིབ་དང་ཤེས་པའི་གཞི་མཐུན་མེད་པར་འདོད་པ་ལ་སྐྱོན་གཏོང་ཚུལ་དང། སྤྱི་དོན་ལས། རྒྱུ་འབྲས་ཀྱི་རབ་དབྱེ་མཐའ་ཡས་པ་ལ་རང་སྟོབས་ཀྱིས་རྨོངས་པའི་སེམས་བྱུང་རྨོངས་པ་དེ་ཤེས་སྒྲིབ་མངོན་གྱུར་བའི་མཚན་གཞིར་བཞག་པ་དང་། མཐའ་དཔྱོད་ལས། ལས་འབྲས་ཀྱི་འབྲེལ་བ་ཕྲ་མོར་རྨོངས་པའི་རྨོངས་པ་ཡིན་ན་རྨོངས་པ་ཡིན་དགོས་པར་གསུངས་ཤིང་། རང་ལུགས་སྐབས་སུ་ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་གྱིས་མཐོང་སྤང་ཤེས་སྒྲིབ་སྤོང་བ་དང།  རྩོད་སྤོང་སྐབས་ཊཱིཀ་ཆེན་ལས། ཉོན་མོངས་མ་ཟད་བར་དུ་ཤེས་སྒྲིབ་མི་སྤོང་བར་གསུངས་པའི་དོན་གཉིས་སྣང་འཁྲུལ་བའི་བག་ཆགས་ལ་དགོངས་པར་གསུངས་པ་སོགས་ལས་མཁས་གྲུབ་ཆེན་པོ་འདི་ཉིད་ཀྱིས་ཤེས་པར་གྱུར་པའི་ཤེས་སྒྲིབ་བཞེད་པར་མངོན་ཡང་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ལ་མ་རིག་པས་ཁྱབ་པ་ཞལ་གྱིས་མི་བཞེས་སོ།། 

པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གིས་རྩོད་ལན་དེར། ཚིག་ཙམ་ལ་བརྟེན་པའི་རྨོངས་པའི་སྐྱེ་བོ་དག་གི་ལོག་རྟོག་དང། རྗེའི་རིང་ལུགས་ལ་རྒོལ་བ་གཞན་དག་གི་ཅལ་སྒྲོག་འགོག་པའི་ཆེད་དུ་དགག་ལན་འདི་བརྩམས་པ་ལས། སྟག་ཚང་བས་རྗེ་བླ་མར་འཕངས་པའི་འགལ་བ་དེ་དག་རིགས་པའི་དབང་ཕྱུག་གིས། ལན་ནི་འབྲེལ་མེད་བཞད་གད་དེ། །ཞེས་གསུངས་པ་ལྟ་བུ་ལས་ལན་བྱ་བར་འོས་པའི་དཀའ་གནས་སུ་མི་སྣང་ཞེས་གསུངས་ཀྱང་། སྟག་ཚང་བའི་རྩོད་པ་དེར་ལན་འདེབས་མཛད་པ་ནི་དོགས་པ་འབྲེལ་མེད་ལ་ལན་འབྲེལ་མེད་བཏབ་པ་ལྟ་བུའི་བཞད་གད་ཀྱི་གནས་ཤིག་ཡིན་ན། རྩོད་པ་དེར་ལན་མཛད་སྐབས་དགེ་ལྡན་པའི་མཁས་དབང་རྣམ་པས།ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་བག་ཆགས་དང། ལས་འབྲས་ཀྱི་འབྲེལ་བ་ཕྲ་མོ་ལ་རྨོངས་པའི་མ་རིག་པ་མ་རིག་པ་མ་ཡིན་པ་དང། རྣམ་ཤེས་ཀྱི་སྟེང་དུ་རང་སྐྱ་ཐུབ་པའི་རྫས་ཡོད་སོགས་ཞལ་གྱིས་བཞེས་མི་དགོས་པའི་ཚོད་དུ་སྣང་ལ། འདི་དག་གི་རྩ་བ་ཡང་རྗེའི་གསུང་གི་ཚིག་ཟིན་ཙམ་ལ་བརྟེན་པའི་གནད་ལ་ཐུག་པ་ལྟ་བུ་ཞིག་འདུག་མོད། བདག་འདྲ་ཕལ་བའི་རྟོག་ངོར་ཅིར་ཡང་འཆར་སྲིད་པས་གཟུར་གནས་མཁྱེན་སྤྱན་ཡངས་པ་དག་ལ་དཔྱད་གཞི་ཙམ་དུ་ཕུལ་བ་ཡིན་ནོ།།

བསེ་ཁྲི་ཆེན་པའི་དབུ་མའི་ཟིན་བྲིས་ལས། དབང་ཤེས་ལ་ཡུལ་རང་མཚན་གྱིས་གྲུབ་པར་སྣང་བའི་ཆ་དེ་ཤེས་སྒྲིབ་ཏུ་གྱུར་པའི་མ་རིག་པར་འཇོག་ན། བར་ཆད་མེད་ལམ་ལ་ཀུན་རྫོབ་མ་ཤར་བའི་ཆ་དེ་ཡང་། བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་མ་རིག་པར་བྱེད་དགོས་པར་མཚུངས་པས། བར་ཆད་མེད་ལམ་ལ་ཀུན་རྫོབ་ཀྱི་ཆོས་མ་ཤར་བ་སྤང་བྱ་ཡིན་ཟེར་བ་དཀའ་ཞེས་དོགས་སློང་མཛད་ཅིང་། མདོ་སྡེ་བ་ཡན་ཆད་ཀྱི་ལུགས་ལ་བློ་ཕྱིན་ཅི་ལོག་ཡིན་ན་དེ་དང་མཚུངས་ལྡན་གྱི་མ་རིག་པ་རེ་ཡོད་པར་གསུངས་པས། དག་སའི་གནས་སྐབས་སུ་ཀུན་རྨོངས་ཉེར་གཉིས་ཀྱི་ཁག་གཅིག་དང། བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་དྲི་མ་སོགས་བློ་ཕྱིན་ཅི་ལོག་མང་དུ་འབྱུང་ཞིང་། འོན་ཀྱང་ཀུན་རྨོངས་ཉེར་གཉིས་ཤེས་སྒྲིབ་རྗེས་མཐུན་པར་གསུངས་པས་སྐྱོན་མེད་ཀྱང་། བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་དྲི་མ་ནི་བདེན་གཉིས་ངོ་བོ་གཅིག་ཏུ་ཤར་བའི་མཉམ་རྗེས་འདྲེས་པ་འབྱུང་བ་ལ་སྒྲིབ་པས་ན་ཤེས་སྒྲིབ་ལས་འོས་མེད་པས། བསེ་ཁྲི་ཆེན་པས་ཤེས་སྒྲིབ་ལ་ཤེས་པ་བཞེད་པར་གསལ་ཞིང་། གོང་དུ་ཤེས་སྒྲིབ་ལ་ཤེས་པ་བཞེད་པའི་ཁུངས་སུ་དྲངས་པའི་རྒྱུ་མཚན་ཡང་འདི་ཡིན་ནོ།།

ཆོས་རྗེ་ཞྭ་དམར་བའི་ལྷག་མཐོང་དཀའ་འགྲེལ་ལས། དབུ་མའི་མཐའ་དཔྱོད་དུ། ཤེས་སྒྲིབ་མངོན་གྱུར་བ་དེ་དམིགས་རྣམ་འཛིན་པའི་བློར་གསུངས་པར་དོགས་སློང་མཛད་ཅིང་། པཎ་ཆེན་བློ་བཟང་ཆོས་རྒྱན་དང༌། སེ་ར་རྗེ་བཙུན་པ། པཎ་ཆེན་བསོད་ནམས་གྲགས་པ་སོགས་ཀྱིས་ཤེས་པར་གྱུར་པའི་ཤེས་སྒྲིབ་མི་བཞེད་པ་འཐད་ཕྱོགས་ལྟ་བུར་མཛད་ནས། ཤེས་པར་གྱུར་པའི་ཤེས་སྒྲིབ་མེད་པར་བཤད་པ་རྗེའི་གསུང་ཟིན་དང་མཐུན་པར་གསུངས་ཤིང་། འཇུག་འགྲེལ་ལས། ཤེས་སྒྲིབ་ཀྱི་མ་རིག་པ་ཞེས་གསུངས་པ་ཡང་རྒྱུ་མིང་འབྲས་ལ་བཏགས་པ་ཡིན་ཞེས་འགལ་སྤོང་ཞིག་ཀྱང་མཛད་པ་སོགས་ལམ་རིམ་གཉིས་ཀྱི་གསུང་ཟིན་ལྟར་བྱས་ན་བདག་ལྟ་བུས་གནད་གཅིག་ཏུ་དྲིལ་དཀའ་མོད། ལམ་རིམ་དགེ་ལེགས་འོད་སྣང་འགྱེད་པའི་ཉིན་བྱེད་ལས། དག་སའི་གནས་སྐབས་སུ་ལུས་ངག་གི་ལས་ཀུན་ནས་སློང་བའི་རྟོག་པ་ཕྲ་མོ་མ་སྤངས་པ་དང། གཞན་དོན་འབད་མེད་ལྷུན་འགྲུབ་ཏུ་འབྱུང་བ་ལ་ཤེས་སྒྲིབ་ཀྱིས་བསྡུས་པའི་ཀུན་སློང་གི་རྟོག་པ་ཕྲ་མོ་དེ་སྤངས་དགོས་པར་གསུངས་པ་ནི་རྒྱལ་ཚབ་ཐམས་ཅད་མཁྱེན་པ་དང་དགོངས་པ་གཅིག་ཏུ་གནས་ཤིང། རྟོག་པ་ཕྲ་མོ་དེ་ཤེས་པ་ལས་འོས་མེད་པ་དང། པཎ་ཆེན་དང་། རྗེ་བཙུན་པ་སོགས་ཀྱིས་ཤེས་སྒྲིབ་ལ་ཤེས་པ་མེད་པར་བཞེད་པ་རྗེའི་གསུང་ཟིན་དང་མཐུན་ནམ་སྙམ་ཞེས་ཐེ་ཚོམས་ཀྱི་ཚིག་གསུངས་པ་ལས་དགོངས་པ་དང་མཐུན་པར་མ་གསུངས་ལ། འཇུག་འགྲེལ་གྱི་ལུང་ལ་ཞིབ་ཆ་གནང་སྐབས་ཀྱང་། དེ་ལྟ་ན་ཞེས་སོགས་གསུངས་པས། དེ་ལྟ་ན་ཞེས་པ་རྗེའི་གསུང་གི་ཚིག་ཟིན་ལྟར་བྱས་ན་ཞེས་པའི་དོན་དུ་དགོངས་པ་བླངས་ན་གོ་རྒྱུ་ཟབ་ཅིང། ལམ་རིམ་གཉིས་ཀའི་དགོངས་པ་ཡང་གཅིག་ཏུ་དྲིལ་ནུས་པར་སེམས་ཤིང་། བདག་གི་བླ་མ་རིན་པོ་ཆེ་རྗེ་བཙུན་ཀིརྟིའི་མཚན་ཅན་གྱི་ཞལ་སྔ་ནས་ཀྱང་ཞྭ་དམར་རིན་པོ་ཆེའི་ལམ་རིམ་དུ་ཤེས་པར་གྱུར་པའི་ཤེས་སྒྲིབ་ལ་ཀུན་སློང་གི་རྟོག་པ་ཕྲ་མོ་བཞག་ཡོད་ཅེས་གསུངས་པ་དངོས་སུ་ཐོས་པ་སོགས་ཁུངས་སུ་བྱས་ནས་བདག་གིས་ནི་དམ་པ་འདིས་ཤེས་སྒྲིབ་ལ་ཤེས་པ་བཞེད་པར་འདོད་དོ།།

དྲང་ངེས་འཇུག་ངོགས་དང་། ལྕང་སྐྱའིི་གྲུབ་མཐའ་གཉིས་ཀར། རྗེ་བླ་མས་རང་འགྲེལ་གྱི་ཤེས་སྒྲིབ་ཀྱི་མ་རིག་པ་གསུངས་པའི་འབྲུ་གནོན་གཉིས་སྣང་འཁྲུལ་བའི་བག་ཆགས་ལ་མཛད་པ་ལས་ཤེས་པར་གྱུར་པའི་མ་རིག་པར་འབྲུ་གནོན་མཛད་པ་མེད་པར་གསུངས་པ་ཡང་། རང་འགྲེལ་ལས། དེ་ལ་མ་རིག་པའི་བག་ཆགས་ནི་ཤེས་བྱ་ཡོངས་སུ་གཅོད་པའི་གེགས་སུ་གྱུར་པ་ཡིན་ལ། ཞེས་དང། རྣམ་བཤད་ལས། ཤེས་སྒྲིབ་ཀྱི་གཙོ་བོ་ནི་གཉིས་སྣᩏ་འཁྲུལ་᪍འི་བག་ཆགས་ལ་བྱ་དགོས་ཏེ། ཞེས་གསུངས་པ་ལྟར་ཤེས་སྒྲིབ་ཀྱི་གཙོ་བོ་གཉིས་སྣང་འཁྲུལ་བའི་བག་ཆགས་ལ་འབྲུ་གནོན་མཛད་པའི་དོན་དུ་བཞེད་ན་འཐད་ཀྱང་། ཤེས་སྒྲིབ་ལ་ཤེས་པ་མེད་པའི་སྒྲུབ་བྱེད་དུ་མི་འགྲོ་སྟེ། ལེགས་བཤད་སྙིང་བོ་ལས། ལུགས་འདིའི་ཤེས་སྒྲིབ་ངོས་འཛིན་སྐབས་རང་འགྲེལ་གྱི་ལུང་དོན་འཆད་པ་ན། ཆགས་སོགས་ཀྱི་བག་ཆགས་ཐམས་ཅད་ཤེས་སྒྲིབ་དང། དེའི་འབྲས་བུ་གཉིས་སྣང་འཁྲུལ་བའི་ཆ་རྣམས་ཀྱང་ཤེས་སྒྲིབ་ཏུ་འདུ་བར་གསུངས་པ་ལས་དེ་ལ་ཤེས་པ་མེད་པར་ཟུར་ཙམ་ཡང་མ་གསུངས་ཤིང་། རྣམ་བཤད་དང་། ལམ་རིམ་སོགས་རྗེའི་གསུང་རབ་གཞན་ལས་ཀྱང་མ་གསུངས་སོ།། སྐབས་འདིར་འཇུག་ངོགས་ལས། མཁས་གྲུབ་ཐམས་ཅད་མཁྱེན་པ་སོགས་ཀྱི་དགོངས་པར་བྱས་ནས་ཤེས་སྒྲིབ་ལ་ཤེས་པ་མེད་པའི་སྒྲུབ་བྱེད་དུ་ལམ་རིམ་དང། རྣམ་བཤད་དྲངས་པའང་འཐད་དཀའ་བར་སྣང་སྟེ། རྣམ་བཤད་སོགས་ལས་ཉན་རང་དགྲ་བཅོམ་དང། ས་བརྒྱད་པ་བ་སོགས་ལ་མ་རིག་པ་ཟད་པར་གསུངས་པ་ནི་བདེན་འཛིན་གྱི་མ་རིག་པ་ཡིན་པར་གཞུང་དེ་ལ་སྦྱང་བ་མཛད་མཁན་ཞིག་ཡིན་ཕྱིན་སུས་ཀྱང་ཤེས་ནུས་ལ། ཤེས་སྒྲིབ་ལ་ཤེས་པ་བཞེད་པའི་མཁས་པའི་དབང་བོ་དེ་དག་གིས་ཀྱང་དེ་ཙམ་མ་དགོངས་པ་ག་ལ་ཡིན། ཡང་ལ་ལས་ཉན་རང་དགྲ་བཅོམ་པ་དང་། ས་བརྒྱད་པ་བ་སོགས་ཀྱིས་མ་རིག་པ་ཆེས་ཤིན་ཏུ་ཕྲ་བ་བདེན་འཛིན་གྱི་མ་རིག་པ་སྤངས་པས་མ་རིག་པ་གཞན་སྤངས་པར་གྲུབ་པས་ཤེས་པར་གྱུར་པའི་ཤེས་སྒྲིབ་མེད་ཟེར་བ་དང་། གཞན་དག་གིས་ཤེས་སྒྲིབ་ཏུ་གྱུར་པའི་ཤེས་པ་ཡོད་ན་རྣམ་བཤད་སོགས་ལས་ས་བརྒྱད་པ་ནས་སློད་བྱེད་ཀྱི་མ་རིག་པ་ཟད་པར་གསུངས་པ་དང་འགལ་ཏེ། དག་སའི་སྐབས་སུ་དེ་འདྲའི་ཤེས་སྒྲིབ་ཏུ་གྱུར་པའི་མ་རིག་པ་ཡོད་ན་དེས་བསླད་ཆོག་པའི་ཕྱིར་ཟེར་བ་གཉིས་ཀ་འཐད་པར་མ་མཐོང་སྟེ། མདོ་བསྟན་བཅོས་དག་ལས་གསུངས་པའི་ལས་འབྲས་ཀྱི་འབྲེལ་བ་ཕྲ་ཞིང་ཕྲ་བ་ལ་རྨོངས་པའི་མ་རིག་པ་དང་། སངས་རྒྱས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་ལ་རྨོངས་པའི་མ་རིག་པ་སོགས་ནི་བདེན་འཛིན་ལས་ཕྲ་བའི་མ་རིག་པ་ཡིན་པར་ལུང་རིགས་གཉིས་ཀས་གྲུབ་ཅིང་། ས་བདུན་པ་མན་ཆད་དང་། ཉན་རང་དགྲ་བཅོམ་པས་མ་སྤངས་པའི་ཤེས་པར་གྱུར་པའི་མ་རིག་པ་དེ་སྐབས་འདིའི་སློད་བྱེད་ཀྱི་མ་རིག་པར་ཡང་མི་འཐད་དེ། སྐབས་འདིའི་སློད་བྱེད་ལ་བདེན་འཛིན་དང་དེའི་བག་ཆགས་ལས་གཞན་པའི་མ་རིག་པ་དང་རྟག་འཛིན་སོགས་ཉོན་མོངས་གཞན་མ་གསུངས་པས་སོ།། འཇུག་ངོགས་འདིར་ཤེས་སྒྲིབ་ལ་ཤེས་པ་མི་བཞེད་པའི་མཁས་པ་ཁག་ཅིག་གི་མཚན་སྨོས་པའི་ནང་ནས་གཞན་རྣམས་ནི་མཁས་པ་སོ་སོའི་གཞུང་དུ་ཤེས་སྒྲིབ་ལ་ཤེས་པ་མེད་པར་གསལ་བར་གསུངས་ཀྱང་། མཁས་གྲུབ་ཐམས་ཅད་མཁྱེན་པ་བགྲངས་པ་ནི་བརྟག་དགོས་ཏེ། རྗེ་ཡབ་སྲས་གསུམ་གྱི་གསུང་རབ་རྣམས་སུ་ཤེས་སྒྲིབ་ལ་ཤེས་པ་མེད་པར་མ་གསུངས་པ་ནི་གཅིག་མཚུངས་ཡིན་པའི་ཕྱིར་རོ།།

ལྕང་སྐྱའི་གྲུབ་མཐའ་ལས། མཁས་གྲུབ་ཕལ་མོ་ཆེས་ཤེས་པར་གྱུར་པའི་ཤེས་སྒྲིབ་མེད་པར་བཞེད་ཅིང་། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ཞེས་པ་བདེན་གཉིས་གཅིག་ཅར་དུ་མངོན་སུམ་གཟིགས་པའི་སྒྲིབ་བྱེད་ཕྲ་བ་ལ་མ་རིག་པ་ཞེས་བཏགས་པ་ཡིན་པས་འགལ་བ་མེད་པར་གསུངས་པ་རྣམས་རྗེའི་གསུང་ཕལ་མོ་ཆེ་དང་མཐུན་ཚབ་ཆེ་བར་འདུག་གསུངས་པ་བརྟག་དགོས་ཏེ། མཁས་གྲུབ་ཕལ་མོ་ཆེ་ཞེས་པ་རྗེ་བླ་མའི་རྗེས་འཇུག་མཁས་པའི་དབང་དུ་བྱས་ན་མང་ཉུང་གི་ཁྱད་པར་དབྱེ་དཀའ་ཞིང་། རྗེའི་གསུང་རབ་རྣམས་སུ་ཤེས་སྒྲིབ་ལ་ཤེས་པ་མེད་པར་མ་གསུངས་པས་མཐུན་ཚབ་ཆེ་བར་གསུངས་པ་ཡང་དཔྱད་དགོས་པར་སྣང་ངོ་།།

གོང་དུ་བཤད་པ་ལྟར་ཆོས་རྗེ་ངག་དབང་དཔལ་ལྡན་པའི་གྲུབ་མཐའི་མཆན་དུ།ཉོན་མོངས་ཀྱི་བག་ཆགས་ཤེས་སྒྲིབ་ཏུ་གསུངས་ནས་མཇུག་དེར་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པའང་ཡོད་པར་བཞེད་ཅེས་གསུངས་པ་ལ་དཔག་ན་འང་སྒྲས་བསྡུ་རྒྱུ་ལ་ཤེས་སྒྲིབ་ལ་བག་ཆགས་ཡོད་པ་མ་ཟད། བག་ཆགས་ལས་གཞན་པའི་ཤེས་སྒྲིབ་ལ་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པའང་ཡོད་པའི་དོན་དུ་བཀྲལ་དགོས་པར་སྣང་ལ། དེ་ལྟ་ན་དེ་འདྲའི་མ་རིག་པ་དེ་ཤེས་པ་ལས་འོས་མེད་པས། གསུང་འདི་ཐལ་འགྱུར་བའི་སྐབས་སུ་འབྱུང་ཞིང་། གྲུབ་མཐའཆེན་མོའི་མཆན་པོད་ཆེན་པོ་གཅིག་བཞུགས་པ་ཆ་ཚང་ཀློག་རྒྱུ་མ་བྱུང་ལ། དེ་ལས་གསལ་བདག་གིས་མ་མཇལ་བས་འདི་ལ་ཁུངས་བཅོལ་ནས་དམ་པ་འདིས་ཀྱང་ཤེས་སྒྲིབ་ལ་ཤེས་པ་བཞེད་དམ་སྙམ་ཡང་གཟུར་གནས་ཤེས་ལྡན་དག་གིས་དཔྱད་པར་མཛོད།

རྗེ་བཙུན་ཞིང་སྟོན་པས་སྤོས་མེའི་སྣང་བར། ཞང་ཞུང་བའི་གསུང་ཁུངས་སུ་བྱས་ནས་ཤེས་སྒྲིབ་ལ་ཤེས་པ་ཡོད་པར་གསུངས་པ་དེ་ཁོ་ན་ལྟར་གནས་མོད། ཀུན་མཁྱེན་བླ་མ་མ་གཏོགས་དེ་ལྟར་ཁས་ལེན་པ་མེད་པར་གསུངས་པ་ནི་ཅུང་མི་འགྲིག་སྟེ། མཁས་གྲུབ་བསྟན་དར་བ་དང། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་སོགས་ཕྱོགས་འདི་ལ་དགེ་ལྡན་པའི་མཁས་པ་མང་དུ་བྱུང་ངོ་།།

མཁས་པ་སྟག་ཚང་བས་དཔལ་ལྡན་ཟླ་བ་དགག་བཞེད་པ་ཐུགས་ལ་བཞག་ནས། རྗེ་བླ་མ་དགག་པའི་ཟོལ་གྱིས་འགལ་བ་དེ་འཕངས་པ་ན་རྗེས་འཇུག་མཁས་པ་རྣམས་ཀྱིས་ལན་འདེབས་ཚུལ་མི་འདྲ་བ་དང་།འཇུག་པ་རང་འགྲེལ་གྱི་ཤེས་སྒྲིབ་ངོས་འཛིན་གྱི་གཞུང་གཅིག་གི་དགོངས་པ་འགྲེལ་ཚུལ་མི་མཐུན་པ་ལ་བརྟེན་ནས་ལུགས་འདིའི་ཤེས་སྒྲིབ་ངོས་འཛིན་ཡང་མི་འདྲ་བའི་དབང་གིས་འགལ་བརྗོད་དེར་ལན་མཛད་སྐབས། མཁས་པ་སོ་སོས་རྣམ་དཔྱོད་རྩལ་དུ་བཏོན་ནས་དགག་གཞག་སྤོང་གསུམ་ཇི་སྙེད་ཅིག་བྱས་པ་མཐའ་དག་རྨོངས་པ་བདག་འདྲའི་བློ་གྲོས་ཀྱི་བུ་ག་ཆུང་ངུར་མི་ཤོང་བ་མ་ཟད། ཉམས་མྱོང་ཅན་གྱི་རྣལ་འབྱོར་བས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། །ཅེས་གསུངས་པ་ལྟར་ཡང་ཡིན་སྲིད་པས་འཐད་མིན་ཁ་ཚོན་གཅོད་པའི་སྤོབས་པ་མ་མཆིས་ཀྱང་། ཆོས་རྗེ་གུང་ཐང་བའི་ཞལ་ནས། རང་ལུགས་གཏད་སོ་ཡོད་པར་གྱིས་ཤིག་ཨང། །གསུངས་པ་བཞིན་ཕྲན་གྱི་རང་ལུགས་ནི་ཤེས་སྒྲིབ་ལ་ཤེས་པ་འདོད་པའི་ཕྱོགས་ཡིན་ལ། ལུང་གི་སྒྲུབ་བྱེད་ནི། གོང་དུ་དོགས་སློང་སྐབས་དྲངས་པའི་མདོ་དང། རྒྱུད་བླ་མ། དཔལ་ལྡན་ཟླ་བའི་འཇུག་པ་རང་འགྲེལ། འགྲེལ་བ་སྒྲོན་གསལ། སྐྱབས་འགྲོ་བདུན་ཅུ་བ། མཛོད་རང་འགྲེལ། འགྲེལ་བ་མངོན་པའི་རྒྱན། ཞང་ཞུང་བའི་དུས་འཁོར་ཊཱིཀ་ཆེན་གྱི་ཁ་སྐོང།  རྗེ་ཡབ་སྲས་གསུམ་གྱི་གསུང་རབ་སོགས་ལས་ཤེས་སྒྲིབ་ལ་མ་རིག་པ་དང།  རྨོངས་པ། མི་ཤེས་པ། ཀུན་སློང་གི་རྟོག་པ། གཉིས་སྣང་འཁྲུལ་བའི་སེམས་སོགས་ཡོད་པར་ཉི་མ་ཤར་བ་བཞིན་གསུངས་པ་དེ་དག་ཡིན། རིགས་པའི་སྒྲུབ་བྱེད་ནི་གོང་དུ་མཚོན་ཙམ་རེ་བཀོད་པའི་ཁུལ་ཡིན་ལ། ད་དུང་མང་དུ་སྣང་ཡང་མངས་པས་འཇིགས་ནས་མ་བྲིས་ཤིང། ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེ། མཁས་གྲུབ་དགེ་འདུན་བསྟན་པ་དར་རྒྱས། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས། ཀུན་མཁྱེན་འཇིགས་མེད་དབང་བོ། མཁས་པའི་ཁྱུ་མཆོག་ཆེན་པོ་ཨ་ཁུ་ཤེས་རབ་རྒྱ་མཚོ་སོགས་འཛམ་གླིང་རྒྱན་དྲུག་ལྟ་བུའི་རིགས་པའི་དབང་ཕྱུག་དུ་མས་མདོ་སྔགས་ཀྱི་གཞུང་ཆེན་མོ་རྣམས་སུ་ཤེས་སྒྲིབ་ལ་ཤེས་པ་ཡོད་པར་ལུང་རིགས་གཉིས་ཀྱིས་གསལ་བར་མཛད་པ་རྣམས་ཀྱང་བདག་གི་ཁུངས་བརྟེན་ས་ཡིན་ནོ།།

སྟག་ཚང་ལོ་ཙ་བ་སྒྲ་བ་ཤེས་རབ་རིན་ཆེན་གྱིས་རྗེ་བླ་མ་ལ་བསྟོད་པའི་ཚིགས་སུ་བཅད་པ་ལས། དྲི་མེད་མཁྱེན་ཡངས་འཇིགས་བྲལ་གཞོན་བློ་སོགས། །གངས་ཅན་མཁས་པའི་མཁས་པ་ཀུན་བསྟེན་ནས། །སྤྱི་དང་ཁྱད་པར་གཞུང་ལུགས་མཐའ་དག་ལ། །རྨོངས་པའི་མུན་ཀུན་སྤངས་པ་ཁྱོད་ལ་འདུད། །ཅེས་གསུངས་པ་འདིས་ཀྱང་རྗེ་བླ་མས་ཤེས་པར་གྱུར་པའི་ཤེས་སྒྲིབ་བཞེད་པར་འགྲུབ་སྟེ། དང་བོ་སྟག་ཚང་བས་རྗེ་བླ་མའི་དགོངས་པ་མ་ལོན་པར་འགལ་བ་བཅོ་བརྒྱད་སོགས་འཕངས་ཤིང་། ཕྱིས་སུ་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་ཤེས་ནས་དད་པས་ཐུགས་ཡིད་རབ་ཏུ་དྲངས་ནས་ཟོལ་སྦྱོར་དང་ངོ་བསྟོད་ཙམ་མ་ཡིན་པར། འགྱོད་བཤགས་ཀྱི་ཚུལ་དུ་བསྟོད་པ་ནི་གཟུར་གནས་སུས་ཀྱང་བསྙོན་དུ་མེད་ལ། བསྟོད་པ་འདིར་མཁས་པ་སྟག་ཚང་བས། ཁྱོད་བློའི་ཉི་མ་གཞོན་ནུའི་དུས་ཀྱི་ཚེ། །མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས། །བདག་བློ་ཁེངས་པའི་ཀུ་མུད་ལྷག་པར་ཟུམ། །ཟབ་ཡངས་མཁྱེན་པའི་གཏེར་ལ་གསོལ་བ་འདེབས། །ཞེས་པ་འདིས་ནི་རྗེ་བླ་མའི་གསུང་ལེགས་བཤད་གསེར་འཕྲེང་གི་ཆེ་བའི་ཡོན་ཏན་བརྗོད་པ་སོགས་བསྟོད་པའི་སྒོ་སྣ་ཚོགས་ཀྱི་སྒོ་ནས་བསྟོད་པ་ལས། གོང་དུ་དྲངས་པའི་ཚིགས་སུ་བཅད་པ་སྔ་མ་དེས་ནི་སྤྱི་དང་བྱེ་བྲག་གི་གཞུང་ལུགས་མཐའ་དག་ལ་རྨོངས་པའི་མུན་པ་མཐའ་དག་གཏན་དུ་སྤངས་ཚུལ་གྱི་སྒོ་ནས་བསྟོད་པའི་ཕྱིར་ན། རྨོངས་པའི་མུན་པ་མཐའ་དག་གཏན་ཏུ་སྤངས་པ་ལ་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ཡོད་པ་དང། ཤེས་པར་གྱུར་པའི་ཤེས་སྒྲིབ་མེད་པའི་འགལ་བ་དེ་སྤངས་དགོས་པ་ནི། སྤྱིས་སྟོང་བར་ངེས་ན་བྱེ་བྲག་གིས་སྟོང་པར་ངེས་པའི་རིགས་པ་སོགས་ཀྱིས་གྲུབ་པས་ན་དོན་འདི་ལ་དགོངས་ནས་འགྱོད་བཤགས་མཛད་པ་ལས། མཁས་པ་སྟག་ཚང་བས་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ཤེས་པ་མ་ཡིན་པར་རྟོགས་པ་ལ་བརྟེན་ནས་ཐུགས་འགྱོད་གནང་བ་ག་ལ་ཡིན། ལུགས་འདིར་འཇུག་ཤེས་དྲུག་ལ་ཡུལ་དྲུག་རང་ངོས་ནས་གྲུབ་པར་སྣང་བའི་གཉིས་སྣང་གི་ཆ་དེ་ཤེས་སྒྲིབ་ཏུ་འཇོག་པར་རྗེ་ཡབ་སྲས་དང་རྗེས་འཇུག་མཁས་དབང་དག་གིས་མང་དུ་གསུངས་པས། དེ་འདྲའི་གཉིས་སྣང་གི་ཆ་དེ་ཤེས་པར་འཇོག་ན། མིག་ཤེས་ལ་གཉིས་སྣང་གི་ཆ་དེ་དབང་ཤེས་དང་ཡིད་ཤེས་གང་ཡིན། མིག་ཤེས་ལ་འདོད་ན་གཉིས་སྣང་ཅན་གྱི་མིག་ཤེས་དེ་དང་། དེ་ལ་སྣང་བའི་གཉིས་སྣང་འཁྲུལ་བའི་ཆ་གཉིས་ཀ་ལ་གཉིས་སྣང་ཡོད་པར་མཚུངས་ལ། གཉིས་སྣང་དེ་ཡང་ཆགས་སོགས་ཀྱི་བག་ཆགས་ཀྱི་དབང་གིས་བྱུང་བར་ཡང་མཚུངས་པས་དེ་གཉིས་ཤེས་སྒྲིབ་ཏུ་འཇོག་མི་འཇོག་གི་ཁྱད་པར་ཇི་ལྟར་ཡིན། ཡིད་ཤེས་ལ་འཇོག་ན་མིག་ཤེས་ཀྱི་སྣང་ཆར་གྱུར་པའི་ཡིད་ཤེས་འཇོག་དཀའ་བར་སྣང་ཞིང། སྟོང་ཐུན་ལས། གཉིས་སྣང་གི་ཆ་དེ་དག་ཤེས་སྒྲིབ་ཡིན་ཀྱང་འཇུག་ཤེས་དེ་དག་ཤེས་སྒྲིབ་ཡིན་མི་དགོས་ཞེས་དཔེ་རྒྱུ་མཚན་དང་བཅས་པ་གསལ་བར་གསུངས་ཀྱང་དབང་ཤེས་དང་ཡིད་ཤེས་སོགས་གང་ལ་འཇོག་པའི་གསལ་ཁ་མཛད་མེད་ལ། བག་ཆགས་ལ་འཇོག་ན་ཤེས་སྒྲིབ་ས་བོན་པ་དང་མངོན་གྱུར་བ་གཉིས་ཀྱི་ཁྱད་པར་འབྱེད་དཀའ་ཞིང་། དེ་གཉིས་ཤེས་སྒྲིབ་ཀྱི་དབྱེ་བར་གསུངས་པ་སོགས་ཀྱི་དོན་བཤད་མི་ནུས་པ་དང་། ཤེས་སྒྲིབ་མངོན་གྱུར་བ་ཤེས་སྒྲིབ་ཏུ་མི་བཞེད་པ་ལྟར་ན་ཡང་གཉིས་སྣང་གི་ཆ་དེ་དག་ལ་ཡུལ་རང་ངོས་ནས་གྲུབ་པར་སྣང་བར་ལམ་རིམ་དང་།  སྟོང་ཐུན་སོགས་ལས་གསུངས་པ་འདི་ཁས་ལེན་ན་ཤེས་པར་འདོད་དགོས་ལ།  དེས་ན་དབང་ཤེས་དང་ཡིད་ཤེས་གང་དུ་འཇོག་མིན་གྱི་དོགས་པ་གཅོད་དགོས་པ་ནི་ཕྱོགས་གཉིས་ཀ་ལ་འདྲ་བར་སྣང་བས།  ཚུལ་འདི་ལ་གཟུར་གནས་བློ་གྲོས་དང་ལྡན་པ་དག་གིས་དྲི་མ་མེད་པའི་ལུང་རིགས་ཀྱི་ལམ་ནས་བརྟག་པར་ཞུའོ།། ད་དུང་ལུགས་འདིའི་ཤེས་སྒྲིབ་བཞེད་ཕྱོགས་སྐོར་ལ་རྗེའི་རིང་ལུགས་འཛིན་པ་རྣམས་ཀྱིས་ཡིག་འཇོག་མཐའ་ཡས་པ་ཞིག་མཛད་ཡོད་པ་སྨོས་མེད་ཡིན་ཀྱང་། ཁོ་བོས་གོང་དུ་དྲངས་པ་དེ་ཙམ་ལས་མཇལ་རྒྱུ་མ་བྱུང་ལ། དུས་ཚོད་ཀྱི་བགྱི་བ་ཡང་ཐུང་ཞིང་། ཐོས་པ་ཉུང་བ་དང། བློ་གྲོས་ཀྱི་མཐུ་དམན་པའི་དབང་གིས་ནོར་འཁྲུལ་ཇི་སྙེད་ཅིག་ཡོད་པར་ངེས་པས་གཟུར་གནས་དམ་པ་རྣམས་ཀྱི་སྤྱན་སྔར་སྙིང་ནས་བཟོད་གསོལ་ཞུའོ།།  །།

སྨྲས་པ།

ཤིན་ཏུ་རྟོགས་དཀའ་གཞུང་ལུགས་ཟབ་མོའི་དོན།།

ཕལ་བ་བདག་བློའི་སྤྱོད་ཡུལ་མ་ཡིན་ཡང་།།

རྒྱ་བོད་མཁས་པའི་གསུང་གི་རྗེས་འབྲངས་ཏེ།།

ཚུལ་འདིར་ཞུགས་པ་སྐལ་བ་བཟང་སྙམ་བགྱིད།།

འོན་ཀྱང་བདག་ནི་ཐོས་ཉུང་བརྩོན་པ་ཞན།།

ལྷན་སྐྱེས་ཤེས་རབ་དཔལ་དང་མི་ལྡན་པས།།

ཉེས་སྐྱོན་འཁྲུལ་བའི་ཚོགས་རྣམས་ཅི་མཆིས་པ།།

དམ་པ་རྣམས་ཀྱིས་བཟོད་པར་མཛད་དུ་གསོལ།།

རྣམ་པར་དཀར་བའི་དངོས་པོ་འདིས་མཚོན་པའི།།

རང་གཞན་དུས་གསུམ་བསགས་པའི་དགེ་བ་ཀུན།།

ཆོས་བརྒྱད་སྐྱོན་གྱིས་ནམ་ཡང་མི་བརྫི་བར།།

མ་རྣམས་བདེ་བའི་རྒྱུ་རུ་སྨིན་པར་ཤོག།།

ཅེས་པ་འདི་ནི་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གིས་རྗེའི་གསུང་དྲང་ངེས་ལེགས་བཤད་སྙིང་བོའི་སྐོར་ལ་མཁས་པའི་བགྲོ་གླེང་ཚོགས་འདུ་དང་སྟབས་བསྟུན་ནས། ལེགས་བཤད་སྙིང་བོ་དང་འབྲེལ་བའི་འགྲན་སྡུར་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དབུར་འགོད་རྒྱུ་ཞིག་དགོས་ཞེས་རྩོམ་བསྐུལ་གནང་བ་བཞིན། དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་ཧར་གདོང་དགེ་བཤེས་ལྷ་རམས་པའི་མིང་ཙམ་འཛིན་པ་གསེར་རྟ་ཚུལ་ཁྲིམས་བསྟན་འཛིན་གྱིས། གསང་ཆེན་རིག་པ་འཛིན་པའི་གདན་ས་ཆེན་པོོོོ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཆོས་ཐོག་འགྲིམས་སྐབས་ཕྱི་ལོ་༢༠༡༨ཕྱི་ཟླ་༦ཚེས་༦རེས་གཟའ་ལྷག་པའི་ཉིན་གྲུབ་པར་བགྱིས་སོ།། །།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།